9043

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་མདོར་བསྡུ་ན་རྣམ་པ་བཅུ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་མདོར་བསྡུ་ན་རྣམ་པ་བཅུ་སྟེ།

1. སྐུ་ལ་མཆོད་པ་ནི། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཉིད་ལ་མངོན་སུམ་དུ་མཆོད་པ་བྱེད་པ་དེ་ནི་དེའི་སྐུ་ལ་མཆོད་པ་ཞེས་པའོ། ། 2. མཆོད་རྟེན་ལ་མཆོད་པ་ནི། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། གཙང་ཁང་ཕྱུར་བུའམ། གཙང་ཁང་ངམ། མཆོད་རྟེན་རྙིང་པའམ། མཆོད་རྟེན་གསར་པ་ལ་མཆོད་པ་བྱེད་པ་དེ་ནི་མཆོད་རྟེན་ལ་མཆོད་པ་ཞེས་པའོ། ། 3. མངོན་སུམ་དུ་མཆོད་པ་ནི། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མངོན་དུ་གྱུར་པར་དབང་པོ་ལ་སྣང་བར་མངོན་སུམ་དུ་མཆོད་པ་བྱེད་པ་དེ་ནི་མངོན་སུམ་དུ་མཆོད་པ་ཞེས་པའོ། ། 4. མངོན་སུམ་མ་ཡིན་པར་མཆོད་པ་ནི། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་མངོན་སུམ་མ་གྱུར་པ་ལ་སངས་རྒྱས་ཐམས་ཅད་ཀྱི་ཕྱིར་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ཐམས་ཅད་ཀྱི་ཕྱིར། དེ་བཞིན་དུ་སེམས་མངོན་པར་འདུ་བྱས་ཏེ། མཆོད་པ་བྱེད་པ་དེ་ནི་མངོན་སུམ་དུ་མ་ཡིན་པ་འབའ་ཞིག་གི་མཆོད་པ་ཞེས་པའོ། ། 5. བདག་གིས་བྱས་པའི་མཆོད་པ་ནི། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱ་བར་འདོད་པས་བདག་ཉིད་ཀྱིས་རང་གི་ལག་གིས་བྱེད་དེ། ལེ་ལོ་དང་སྙོམ་ལས་དང་། བག་མེད་པའི་གནས་ལ་བརྟེན་ཏེ། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། གྲོས་གྲོགས་དང་། ཉེ་དུ་དང་སྣག་གི་གཉེན་མཚམས་རྣམས་བྱེད་དུ་མི་འཇུག་པ་དེ་ནི་བྱང་ཆུབ་སེམས་དཔའི་བདག་གིས་བྱས་པའི་མཆོད་པ་ཡིན་པར་རིག་པར་བྱའོ། ། 6. གཞན་བྱེད་དུ་འཇུག་པའི་མཆོད་པ་ནི། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱ་བར་འདོད་པས། བདག་ཉིད་འབའ་ཞིག་མི་བྱེད་པར་ཕ་མ་གཉིས་ཀྱང་བྱེད་དུ་འཇུག་པ་དང་། བུ་དང་། ཆུང་མ་ལ་སོགས་པས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱེད་དུ་འཇུག་པ་དེ་ནི་གཞན་བྱེད་དུ་འཇུག་པའི་མཆོད་པ་རིག་པར་བྱའོ། ། 7. རྙེད་པ་དང་བཀུར་སྟིའི་མཆོད་པ་ནི། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་ལ་སོགས་པའི་མཆོད་པ་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྙེད་པ་དང་། བཀུར་སྟིས་མཆོད་པར་རིག་པར་བྱའོ། ། 8. རྒྱ་ཆེན་པོའི་མཆོད་པ་ནི། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྙེད་པ་དང་བཀུར་སྟི་དེ་དག་ཉིད་ཀྱིས་ཡུན་རིང་པོར་མཆོད་པ་བྱེད་དེ། དངོས་པོ་མང་པོ་དང། དངོས་པོ་གྱ་ནོམ་པ་དང་། མངོན་སུམ་དང་། མངོན་སུམ་མ་ཡིན་པ་དང་། བདག་གིས་བྱས་པ་དང་། གཞན་གྱིས་བྱས་པ་དང་། སྙིང་ཐག་པ་ནས་དགའ་བ་མངོན་དུ་གྱུར་ཅིང་མོས་པ་དྲག་པོས་མཆོད་པ་བྱེད་པ་དང་། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་ བསྔོ་བར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམ་པ་བདུན་རྒྱ་ཆེན་པོ་ཞེས་བྱའོ། ། 9. ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་མཆོད་པ་ནི། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རང་གི་ལག་གིས་བྱ་བ་བྱེད་དེ། ཁྱད་དུ་གསོད་པའམ། བག་མེད་པའམ། ལེ་ལོས་གཞན་དག་བྱེད་དུ་མི་འཇུག་པ་དང་། གུས་པར་བྱེད་དེ་མ་གུས་པས་མ་ཡིན་པ་དང་། སེམས་མི་གཡེང་བས་བྱེད་པ་དང་། སེམས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་བྱེད་པ་དང་། སངས་རྒྱས་ལ་མངོན་པར་དད་པའི་རྒྱལ་པོ་ལ་སོགས་པ་སེམས་ཅན་རྒྱ་ཆེན་པོ་དག་ལས་རྙེད་པ་དང་། བཀུར་སྟིའི་རྒྱུས་ཚུལ་འཆོས་པའི་ཕྱིར་མི་བྱེད་པ་དང་། མཐུན་པའི་དངོས་པོས་མཆོད་པ་བྱེད་དེ་བབ་ལས་བྱུག་པ་དང་། མར་ཁུས་བཀྲུ་བ་དང་། གུ་གུལ་གྱིས་བདུག་པ་དང་། ཨརྒའི་མེ་ཏོག་ལ་སོགས་པ་དང་། གཞན་ཡང་ཡོ་བྱད་རུང་བ་མ་ཡིན་པ་དག་གིས་མི་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའི་མཆོད་པ་རྣམ་པ་སྣ་ཚོགས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་རིག་པར་བྱའོ། ། 10 .སྒྲུབ་པའི་མཆོད་པ་ནི། རྙེད་པ་དང་བཀུར་སྟིའི་མཆོད་པ་རྒྱ་ཆེ་བ་དང་། ཀུན་ནས་ཉོན་མོངས་པ་མ་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ཀྱི་གཞི་རང་གི་ཞོ་ཤས་བསྒྲུབས་པ་རྣམས་སམ། གཞན་ལས་ཡོངས་སུ་བཙལ་བ་རྣམས་སམ། ཡོ་བྱད་ལ་དབང་ཐོབ་པ་རྣམས་ཀྱིས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱེད་དེ། དེ་ལ་ཡོ་བྱད་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ལུས་གཉིས་སམ། ལུས་མང་པོ་ལུས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་བར་མངོན་པར་སྤྲུལ་ནས་ལུས་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ཏེ། ལུས་དེ་དག་རེ་རེ་ལའང་ལག་པ་བརྒྱ་སྟོང་ལ་སོགས་དུ་མར་སྤྲུལ་ནས་དེ་བཞིན་གཤེགས་པ་ལ་མཆོད་པ་དང་བསྟོད་པ་རྒྱ་ཆེན་པོ་བྱེད་པ། དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཚུལ་ཁྲིམས་ཀྱི་སྡོམ་པ་ཡོངས་སུ་བསྲུང་བ་དང་། ཞི་གནས་དང་། ལྷག་མཐོང་དང་། བྱང་ཆུབ་ཀྱི་ཕྱོགས་ཆོས་རྣམས་ལ་བརྩོན་པར་བྱེད་པ་དང་། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བསྡུ་བའི་དངོས་པོ་རྣམས་ལ་ཡང་དག་པར་བརྩོན་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་སྒྲུབ་པར་གཏོགས་པའི་མཆོད་པ་ཞེས་བྱའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཝི་པ་》ཤ་123ན་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number