9146

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྣམ་པར་དག་པའི་དོན་སྤྱོད་པ་རྣམ་པ་བཅུ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་དོན་སྤྱོད་པ་རྣམ་པ་བཅུ་སྟེ།

1. དང་པོ་ཕྱི་རོལ་དག་པ་ལས་བརྟེན་ཏེ་རྣམ་པ་ལྔ་ནི། (1)ཁ་ན་མ་ཐོ་བ་མེད་པ་ནི། བྱང་ཆུབ་སེམས་དཔའ་ནི་ཉེས་པར་སྤྱོད་པ་དང་འདྲེས་ཤིང་ཉེས་པར་སྤྱོད་པ་སྔོན་དུ་འགྲོ་བ་ཁ་ན་མ་ཐོ་བ་དང་བཅས་ཤིང་། ཀུན་ནས་ཉོན་མོངས་པ་ཅན་གྱི་མི་དགེ་བ་ལ་སེམས་ཅན་འཛུད་པར་མི་བྱེད་དེ། འདི་ནི་དེའི་སེམས་ཅན་རྣམས་ལ་དོན་སྤྱོད་པ་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། ། (2)ཕྱིན་ཅི་མི་ལྡོག་པ་ནི། བྱང་ཆུབ་སེམས་དཔའ་ནི་ཐར་པ་མ་ཡིན་པ་དང་། གཅིག་ཏུ་ངེས་པར་རྣམ་པར་དག་པ་མ་ཡིན་པའི་གནས་ལ་འདི་ནི་ཐར་པའོ། ། འདི་ནི་གཅིག་ཏུ་ངེས་པར་རྣམ་པར་དག་པའོ། ། ཞེས་སེམས་ཅན་རྣམས་དེ་ཉིད་ལ་ཡང་དག་པར་འཛིན་དུ་འཇུག་པར་མི་བྱེད་དེ་འདི་ནི་དེའི་སེམས་ཅན་དོན་སྤྱོད་པ་ཕྱིན་ཅི་མི་ལྡོག་པའོ། ། (3)རིམས་སུ་འབབ་པ་ནི། བྱང་ཆུབ་སེམས་དཔའ་ནི་རིམ་གྱིས་དགེ་བའི་ཕྱོགས་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར། སེམས་ཅན་བྱིས་པའི་ཤེས་རབ་ཅན་རྣམས་ལ་ཐོག་མར་སླ་བའི་ཆོས་སྟོན་པར་བྱེད་ཅིང་སླ་བའི་གདམས་ངག་དང་། རྗེས་སུ་བསྟན་པ་རྗེས་སུ་འཇུག་པར་བྱེད་དོ། ། དེ་དག་ཤེས་རབ་འབྲིང་དང་ལྡན་པར་གྱུར་པར་རྟོགས་ནས། ཆོས་བསྟན་པ་འབྲིང་དང་། གདམས་ངག་དང་། རྗེས་སུ་བསྟན་པ་འབྲིང་རྗེས་སུ་འཇུག་པར་བྱེད་དོ། ། དེ་དག་ཤེས་རབ་རྒྱ་ཆེན་པོ་དང་ལྡན་པར་གྱུར་པར་རྟོགས་ནས་ཆོས་ཟབ་མོ་སྟོན་ཅིང་། གདམས་ངག་དང་རྗེས་སུ་བསྟན་པ་ཕྲ་བ་རྗེས་སུ་འཇུག་པར་བྱེད་དེ། འདི་ནི་དེའི་སེམས་ཅན་རྣམས་ལ་དོན་སྤྱོད་པ་རིམས་སུ་འབབ་པ་ཡིན་ནོ། ། (4)ཀུན་ཏུ་འགྲོ་བ་ནི། བྱང་ཆུབ་སེམས་དཔའ་ནི་རིགས་བཞི་དང་། ལྷ་དང་མི་རྣམས་དང་། སེམས་ཅན་ཐམས་ཅད་ཀྱི་དོན་ཅི་ནུས་ཅི་ལྕོགས་ཀྱིས་སྤྱོད་ཅིང་། ཕན་པ་དང་། བདེ་བ་ཡོངས་སུ་ཚོལ་བ་དང་། དེ་ཉིད་ལ་ཡང་དག་པར་འཛུད་པར་བྱེད་དེ། འདི་ནི་དེའི་སེམས་ཅན་རྣམས་ལ་དོན་སྤྱོད་པ་ཀུན་ཏུ་འགྲོ་བའོ། ། (5)མཐུན་མཐུན་དུ་སྦྱོར་བ་ནི། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གང་དག་རང་གི་དོན་དགེ་བ་ཆུང་ངུའམ། འབྲིང་ངམ། ཆེན་པོ་གང་ལ་ཡང་དག་པར་གཟུང་བར་ནུས་པ་དང་། ཐབས་གང་གིས་ཡང་དག་པར་གཟུང་བར་ནུས་པ་དེ་ལ་དེ་དག་མཐུན་མཐུན་དུ་དེར་ཡང་དག་པར་འཛུད་པར་བྱེད་དོ། ། 2. གཉིས་པ་ནང་དག་པ་རྣམ་པ་ལྔ་ནི། (1)བྱང་ཆུབ་སེམས་དཔའ་ནི་སྙིང་རྗེའི་བསམ་པ་རྒྱ་ཆེན་པོས་ཉེ་བར་གནས་པས་སེམས་ཅན་རྣམས་ལ་དོན་ཀུན་ཏུ་སྤྱོད་དོ། ། (2)བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་དོན་ལ་སྡུག་བསྔལ་ཐམས་ཅད་ཀྱིས་ངལ་བར་གྱུར་ཀྱང་ཡིད་ཡོངས་སུ་མི་སྐྱོ་ཞིང་རབ་ཏུ་དགའ་བ་ཁོ་ནས་སེམས་ཅན་རྣམས་ཀྱི་དོན་ཀུན་ཏུ་སྤྱོད་དོ། ། (3)བྱང་ཆུབ་སེམས་དཔའ་ནི་ཕུན་སུམ་ཚོགས་པ་མཆོག་དམ་པ་ལ་གནས་ཀྱང་བྲན་དང་འདྲ་བ་དང་། མངག་གཞུག་པ་དང་འདྲ་བ་དང་། དབང་བ་དང་འདྲ་བ་དང་། བུ་དང་འདྲ་བ་དང་། གདོལ་པའི་བུ་དང་འདྲ་བར་རྒྱགས་པ་དང་། ཁེངས་པ་དང་། ང་རྒྱལ་བཅོམ་ནས་དམའ་བའི་སེམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་ཀུན་ཏུ་སྤྱོད་དོ། ། (4)བྱང་ཆུབ་སེམས་དཔའ་ནི་ཟང་ཟིང་མེད་པ་དང་། བཅོས་མ་མ་ཡིན་པ་དང་། མཆོག་ཏུ་བྱམས་པས་སེམས་ཅན་རྣམས་ཀྱི་དོན་ཀུན་ཏུ་སྤྱོད་དོ། ། (5)བྱང་ཆུབ་སེམས་དཔའ་ནི་གཏན་དུ་ཕྱིར་མི་ལྡོག་པའི་བྱམས་པའི་སེམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་ཀུན་ཏུ་སྤྱོད་དོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཝི་པ་》ཤ་119བ་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number