9229

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱང་ཆུབ་ཀྱི་མཚོན་དཔེ་བསྟན་པ་བཅུ།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་སྐབས་ཉི་ཤུ་པ་རྫོགས་ཆེན་ཨ་ཏིའི་ལྟ་བ་གཏན་ལ་ཕབ་པའི་སྐོར་ལས་བྱུང་བ་སྟེ།

1. ཆོས་ཐམས་ཅད་རྫོགས་པ་ཆེན་པོར་འདུས་པའི་རང་བཞིན་བཤད་པ་ནི། བུ་རམ་རོ་བཞིན་ཆོས་ཀུན་རིག་པར་འདུས། ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་ངང་ལས་བྱུང་ཞིང་ངང་དུ་ཤར་བས། ནམ་མཁའི་ངང་དུ་སྣོད་བཅུད་ཀུན་འདུས་པ་ལྟ་བུ་དང་། བུ་རམ་གཅིག་གི་རོར་བུ་ རམ་ཀུན་གྱི་རོ་འདུས་པ་ལྟར་འཁོར་འདས་ཀྱི་ངོ་བོ་དང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་འདུས་ལུགས་བསྟན་ཏེ། ཀུན་བྱེད་ལས། ཀུན་བྱེད་རྒྱལ་པོ་ང་ལ་ནི། ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ། དགོངས་པའི་དོན་ནི་ང་ལ་འདུས། ། ང་ཡི་རང་བཞིན་འདི་ལ་ནི། ། སྐུ འདུས་གསུང་འདུས་དགོངས་པ་འདུས། ། ཞེས་སོ། ། 2. བྱང་ཆུབ་ཀྱི་སེམས་ལ་དཔེ་དོན་རྟགས་གསུམ་གྱིས་ཤེས་པར་བྱ་བ་ལས། དཔེ་ནི། བྱང་ཆུབ་སེམས་དཔེ་ནམ་མཁས་མཚོན་པ་ཙམ། ། སེམས་ཉིད་རང་བྱུང་གི་ཡེ་ཤེས་དངོས་པོ་དང་མཚན་མ་མེད་པ། སྟོང་གསལ་སྤྲོས་པ་དང་བྲལ་བས། འདི་དང་འདིའོ་ཞེས་དམིགས་སུ་མེད་པ་ནི་དཔེ་ནམ་མཁའ་ལྟ་བུ་ཞེས་མཚོན་ཡང་དཔྱད་ན་མཚོན་དཔེ་ནམ་མཁའ་དེ་ཡང་ཁ་དོག་དང་དབྱིབས་དང་། ངོས་བཟུང་དུ་མེད་པས་དཔེར་བཞག་པའི་ཆོས་མུ་མེད་ན། དཔེ་དེས་མཚོན་པའི་དོན་སེམས་ཉིད་རང་བཞིན་གྱིས་དག་པ་ཉིད་གང་དུའང་གྲུབ་པ་ཡོད་པ་མ་ཡིན་པས། རེ་ཞིག དམིགས་སུ་མཚོན་དུ་མེད་པ་ཙམ་ཞིག་མཚོན་པའི་དཔེར་ཤེས་པར་བྱ་བ་ཉིད་དོ། ། ཀུན་བྱེད་ལས། ཆོས་ཀུན་ནམ་མཁའི་རང་བཞིན་ཏེ། ། ནམ་མཁའ་ལ་ནི་རང་བཞིན་མེད། ། ནམ་མཁའ་ལ་ནི་དཔེ་ཡང་མེད། ། ནམ་མཁའ་ལ་ནི་ཚད་ཀྱང་མེད། ། ཆོས་རྣམས་ཐམས་ཅད་མ་ལུས་པའི། ། དོན་ནི་འདི་ལྟར་ཤེས་པར་གྱིས། ། ཞེས་སོ། ། 3. དཔེས་ཉེ་བར་མཚོན་པའི་དོན་ནི། དོན་ནི་རང་བྱུང་ཆོས་སྐུ་ལྷུན་གྲུབ་ཆེ། ། རང་བྱུང་གི་ཡེ་ཤེས་ནི་ཆོས་སྐུའི་སྙིང་པོར་ལྷུན་གྱིས་གྲུབ་པས་བསམ་བརྗོད་སྤྲོས་པ་བྲལ་བ་སྟེ། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། བྱ་བ་བྲལ་བས་རྫོགས་པས་རྫོགས། ། མཐའ་དང་བྲལ་བས་དབུས་མི་གནས། ། ཡོངས་སུ་རྫོགས་པས་བསྔོ་དང་བྲལ། ། ལྷག་མ་མེད་པའི་ཆ་ཤས་མིན། ། གཅིག་ཏུ་མ་ཡིན་གཉིས་མཐའ་ཟད། ། དུ་མར་མི་སྣང་གཅིག་ལས་འདས། ། བརྗོད་དུ་མེད་པའི་ཚིག་གི་གཞི། ། དངོས་བྲལ་སྟོང་པའི་སྙིང་པོའི་དོན། ། ཕྱོགས་སུ་མ་ལྷུང་ལྟ་བའི་དོན། ། ཞེས་སོ། ། 4. རིག་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནམ་མཁའ་ལྟར་རྣམ་དག་རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་གཏན་ཚིགས་ངེས་པ་ནི། རྟགས་ནི་འཆར་ཚུལ་མ་འགགས་ཤར་མཁན་མེད། ། རིག་པའི་ངང་ལ་འཆར་ཚུལ་མ་འགགས་པ་རྒྱ་མཚོ་དྭངས་པའི་ནམ་མཁའི་གཟུགས་བརྙན་ལྟར་སྣ་ཚོགས་སུ་ཤར་ཤར་འདྲ་ཡང་། དོན་ལ་ཤར་ས་དང་ཤར་མཁན་མེད་པས་སྟོང་ཡལ་རིས་མེད་ཀྱི་ཆོས་སྐུར་ལ་བཟླ་སྟེ་རིས་མེད་མཉམ་པ་ཆེན་པོའི་གཏན་ཚིགས་ཀྱིས་སེམས་ཉིད་ནམ་མཁའ་ལྟ་བུར་སྒྲུབ་ནུས་ཏེ། རིག་པའི་ངོ་བོ་ཆོས་ཅན། སྐྱེ་མེད་ནམ་མཁའ་ལྟར་བསམ་བརྗོད་ལས་འདས་པའི་ཐ་སྙད་དུ་བརྗོད་དུ་རུང་སྟེ་ཁྱོད་དང་ངོ་བོ་གཅིག་ངང་ནས་རྩལ་དུ་ཤར་བའི་སེམས་ལ་ངོ་བོ་ངོས་གཟུང་གང་ཡང་མེད་པར་ནམ་མཁའ་ལྟར་ཡེ་སྟོང་སྤྲོས་པ་དང་བྲལ་བར་གྱུར་པའི་ཕྱིར། ཀུན་བྱེད་ལས། རྟགས་ནི་ཀུན་བརྟགས་བྱང་ཆུབ་སེམས། ཞེས་སོ། ། 5. དོན་ཆོས་ཉིད་མཐའ་དབུས་མེད་པའི་ངང་དུ་བསྡུ་བ་ནི། གཟེར་ཆེན་གསུམ་གྱིས་ཆོས་ཉིད་ངང་མི་འཆུགས། ། རིག་པ་མཐའ་བྲལ་བསམ་རྗོད་ལས་འདས་པ་ཉིད་དཔེ་དོན་རྟགས་གསུམ་ངེས་པའི་གཟེར་གསུམ་གྱིས་ཆོས་ཉིད་ངང་ལས་མི་འཆུགས་པར་བསྟན་ཏེ། དེ་ལྟར་ནམ་མཁའི་དཔེས་མཚོན་པའི་རིག་པ་སྤྲོས་བྲལ་བསམ་བརྗོད་ལས་འདས་པ་ཉིད་དཔེ་དོན་རྟགས་གསུམ་ངེས་པའི་གཟེར་གསུམ་གྱིས་ཆོས་ཉིད་ཀྱི་ངང་ལས་མི་འཆུགས་པར་བསྟན་ཏེ། དེ་ལྟར་ནམ་མཁའི་དཔེས་མཚོན་པའི་རིག་པ་སྤྲོས་བྲལ་བསམ་བརྗོད་ལས་འདས་པའི་ངོ་བོ་ནི་ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དགོངས་པ་སྟེ། ཀུན་བྱེད་ལས། ཀུན་བཟང་དགོངས་པ་འདུས་པ་ནི། ། ཇི་ལྟར་སྣང་བ་ཐམས་ཅད་ཀུན། ། བཟང་ངན་བླང་དོར་མེད་པ་རུ། ། ཀུན་བྱེད་མངོན་དུ་ཕྱུང་བར་འདས། ། རྡོ་རྗེ་སེམས་དགོངས་འདུས་པ་ནི། ། མི་སྐྱེ་མི་འགག་དགོངས་པ་འདུས། ། རབ་བདུན་ཤཱཀྱ་ཐུབ་པ་དང་། ། སྟོང་རྩ་གཉིས་དང་རྡུལ་སྙེད་དང་། ། སྐུ་གསུང་ཐུགས་ཀྱིས་དོན་མཛད་པའི། ། བྱུང་ཡང་སྐུ་གསུང་ཐུགས་ལས་བྱུང་། ། སྐུ་གསུང་ཐུགས་ཀྱིས་ཆོས་ཉིད་ལ། ། སྐུ་གསུང་ཐུགས་ཀྱི་དོན་མཛད་ཚུལ། ། དེ་ཡང་ཀུན་བྱེད་ཉིད་དུ་འདུས། ། ཞེས་སོ། ། 6. རིག་པ་ཉི་མའི་སྙིང་པོ་ལྟར་བསྟན་པ་ནི། རིག་པ་ངང་གིས་འོད་གསལ་ཉི་མ་འདྲ། ། ཞེས་མདོར་བསྟན་ཏེ། ངང་གིས་འོད་གསལ་ལ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཆོས་སྐུ་རིག་པ་ཟང་ཐལ་ཆེན་པོ་སྟེ། རང་ཤར་ལས། མཐའ་བཞི་བྲལ་བའི་ཆོས་སྐུ་ཆེན་པོ་ནི། ། དྲི་མེད་འོད་གསལ་མན་ཤེལ་དག་པ་འདྲ། ། མཐའ་བྲལ་ཆོས་སྐུ་མུན་པ་སངས་པའི་སྐུ། ། དྲི་མེད་མུན་སེལ་ཉི་མའི་དཀྱིལ་འཁོར་ལྟར། ། མཐའ་བཞིའི་མུན་སེལ་ཡེ་ནས་ལྷུན་གྱིས་གྲུབ། ། ཅེས་སོ། ། 7. རྒྱས་པར་བཤད་པ་ནི། སྐུ་གསུམ་འབྲལ་མེད་སྐྱོན་གྱི་མུན་པ་བྲལ། ། སེམས་ཉིད་སྟོང་པའི་ཆ་ནས་ཆོས་ཀྱི་སྐུ་དང་། གསལ་བའི་ཆ་ནས་ལོངས་སྤྱོད་རྫོགས་པའི་སྐུ་དང་། འཆར་བའི་ཆ་ནས་སྤྲུལ་པའི་སྐུ་ཞེས་མིང་དུ་བརྗོད་ཀྱང་། ངོ་བོ་ངོས་གཟུང་གི་ཆོས་སུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་ལ། དགོངས་པ་དེ་ཉིད་དུས་གསུམ་འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ་སྟེ། འཁོར་འདས་ཀུན་ལ་སྙིང་པོའི་ཚུལ་དུ་ཁྱབ་པའི་ཕྱིར། བདེར་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ་ཅེས་གསུངས་ཏེ། དེ་དག་ཀྱང་སྟོང་གསལ་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་སེམས་དང་ནི། ། རང་བཞིན་མ་བཅོས་རྣམ་གསུམ་ལས། ། མིང་ཙམ་སྐུ་གསུམ་བྱུང་ཚུལ་བསྟན། ། ངེས་པར་སྐུ་གསུམ་རང་བཞིན་ཀྱང་། ། དེ་བཞིན་ཉིད་ལས་གཡོས་པ་མེད། ། ཅེས་སོ། ། 8. དེའི་ངང་ལས་སྣང་སྲིད་ཤར་བར་བསྟན་པ་ནི། རྩལ་ནི་ཅིར་ཡང་འཆར་ཞིང་གོས་པ་མེད། ། རིག་པའི་རང་བཞིན་མེ་ལོང་ལྟ་བུའི་ངང་ན་རང་རྩལ་གཟུགས་བརྙན་དང་འདྲ་བ་ཐམས་ཅད་འཆར་བའི་གཞིར་གནས་པས། སྣང་སྲིད་སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་སུ་ཤར་ཡང་རིག་པའི་ངོ་བོ་ལ་གོས་པ་དང་འཕོ་འགྱུར་མེད་དེ། གཟུགས་བརྙན་གྱིས་མེ་ལོང་ལ་མ་གོས་ཤིང་འཕོ་འགྱུར་གང་ཡང་མེད་པ་བཞིན་ནོ། ། རང་ཤར་ལས། དུས་མེད་སྣང་བའི་རང་བྱུང་ཆེན་པོ་ནི། ། ནམ་མཁའི་ངང་ནས་ཉི་ཟླའི་ཆོ་འཕྲུལ་འབྱུང་བ་ལྟར། ། སྐྱེ་མེད་ངང་ནས་འགག་མེད་ཆོ་འཕྲུལ་འབྱུང་། ། དེ་བཞིན་ཆོ་འཕྲུལ་ཆེན་པོ་དཀའ་བ་མིན། ། ཞེས་སོ། ། 9. ཤར་བ་ཉིད་ནས་རང་བཞིན་མེད་དོ་ཞེས་བསྟན་པ་ནི། ཤར་དུས་ཉིད་ནས་གཞི་མེད་རྨི་ལམ་དཔེ། ། རྨི་ལམ་གྱི་སྣང་བ་ནི་གཉིད་དུ་མ་སོང་བ་དང་སད་པའི་དུས་སྔ་ཕྱི་གཉིས་ཀར་མེད་ཀྱང་། གཉིད་ཁུང་ན་བར་དེར་སྣང་བ་ལྟར་འཁོར་བའི་འཁྲུལ་སྣང་ཡང་ཐོག་མ་ཆོས་ཉིད་གཞིའི་དུས་དང་། ཐ་མ་མྱ་ངན་ལས་འདས་པ་འབྲས་བུའི་དུས་གཉིས་ཀར་མེད་ལ། ད་ལྟ་བར་འདིར་བློ་འཁྲུལ་བ་ལ་སྣང་ཡང་སྣང་དུས་ཉིད་ནས་མེད་པ་གསལ་སྣང་གི་ངོ་བོ་སྟོང་གཟུགས་སྣང་བ་ཙམ་ལས་གང་དུའང་གྲུབ་པ་མེད་དེ། ཆོས་ཐམས་ཅད་རང་བཞིན་མེད་པས་སྐྱེ་འགག་གནས་གསུམ་དུ་གྲུབ་པ་མེད་པའི་ཕྱིར་རོ། ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། ། འདི་ན་སུ་ཡང་མི་སྐྱེ་འཆི་བ་མེད། ། སེམས་ཅན་མི་དང་སྲོག་ཀྱང་མི་རྙེད་དེ། ། ལས་བྱས་བསགས་པ་ནམ་ཡང་མེད་མི་འགྱུར། ། ཞེས་སོ། ། 10 .དེ་དག་ཆོས་ཉིད་ལས་མ་གཡོས་པར་བསྟན་པ་ནི། འཁོར་འདས་སྣང་བ་བྱང་ཆུབ་སེམས་ཀྱི་ངང་། ། འཁོར་འདས་ཇི་སྙེད་སྣང་ཡང་སྣང་དུས་ཉིད་ནས་བྱང་ཆུབ་སེམས་ཀྱི་ངོ་བོའི་ངང་ལས་མ་གཡོས་ཏེ། ཀུན་བྱེད་ལས། ཆོས་ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས། ། ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཡིན། ། ཇི་ལྟར་བྱུང་བ་ང་ཡི་ཆོ་འཕྲུལ་ཡིན། ། ཞེས་སོ། །

Tibetan Source 《མདོ་རྒྱུད་མཛོད་མི་པ་》ཤ་126.10ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number