9233

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱང་ཆུབ་སེམས་ཀྱི་རང་བཞིན་བཅུ།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་སྐབས་ཉི་ཤུ་པ་རྫོགས་ཆེན་ཨ་ཏིའི་ལྟ་བ་གཏན་ལ་ཕབ་པའི་སྐོར་ལས་བྱུང་བ་སྟེ།

1. རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ངེས་པ་ནི། རང་བཞིན་སྣང་སྟོང་ཡོད་མེད་ལས་འདས་དབྱིངས། ། རིག་པའི་ངོ་བོ་བསམ་བརྗོད་སྤྲོས་པའི་མཐའ་དང་བྲལ་བས་ཡོད་མེད་ཀྱི་ཡུལ་དུ་མ་གྲུབ་ལ། འཁོར་འདས་ཀུན་ལ་ཡེ་ནས་ཁྱབ་པ་སྟེ། རང་ཤར་ལས། འདུས་མ་བྱས་པའི་ཀློང་དཀྱིལ་ནས། ། རིག་པའི་རྒྱལ་པོ་ཡེ་ཤེས་འཕྲོས། ། སྐྱེ་འགག་མེད་པའི་ཀློང་དཀྱིལ་ནས། ། རང་བྱུང་ཤེས་རབ་མིག་གསལ་བ། ། ཀུན་ལ་ཁྱབ་པའི་ཉག་གཅིག་ཡིན། ། ཞེས་སོ། ། 2. རང་བཞིན་གྱིས་དག་པ་ལ་གདལ་བ་ཆོས་ཉིད་དུ་རྫོགས་པའི་ངོ་བོ་ཉིད་ནི། འགྱུར་མེད་ཡེ་གདལ་དཀྱིལ་འཁོར་ཡིད་བཞིན་གཏེར། ། དབྱིངས་རང་བྱུང་གི་ཡེ་ཤེས་ནི་ལྷུན་གྲུབ་གདལ་ཁྱབ་ཆེན་པོ། ཀུན་འདུས་རྒྱུན་ཆད་མེད་པའི་ངོ་བོ་སྟེ། དཀྱིལ་འཁོར་ཡིད་བཞིན་གཏེར་གྱི་འབྱུང་གནས་སུ་ཡེ་ནས་གནས་པ་ནི། ནོར་བུ་འཕྲ་བཀོད་ལས། སྐུ་གཅིག་སེམས་ཅན་ཀུན་ལས་སྣང་། ། སྐུ་གཅིག་འགྲོ་དོན་མཐར་ཕྱིན་པ། ། སྐུ་གཅིག་སྣང་བ་ཀུན་ཏུ་སྟོན། ། སྐུ་གཅིག་མཐའ་ལ་མི་གནས་པ། ། རྡོ་རྗེ་སྙིང་པོ་ཡེ་ཤེས་སྐུ། ། བསམ་གཏན་སྙིང་པོ་ཆིག་ལས་འདས། ། མངོན་པར་བྱང་ཆུབ་སྐུ་ཉིད་གསལ། ། ཞེས་སོ། ། 3. དེ་ལྟ་བུའི་དབྱིངས་ཀུན་ལ་ཡོད་ཀྱང་སྐལ་པ་ཅན་འགའི་ཡུལ་དུ་བསྟན་པ་ནི། དབྱིངས་མཆོག་རབ་འབྱམས་ཀློང་རྡོལ་རྣལ་འབྱོར་ཡུལ། ། རིག་པའི་རང་ངོ་ལྟ་སྒོམ་རྩོལ་སྒྲུབ་ལས་འདས་པ་ནི་རྡོ་རྗེ་སྙིང་པོའི་གདུང་སྟེ། འདུ་འབྲལ་མེད་པའི་དབྱིངས་མཚོན་བརྗོད་ལས་འདས་པའི་རང་བཞིན་ནི། སོ་སོ་རང་གི་ཡེ་ཤེས་ཀྱི་ཡུལ་ལས་བསམ་བརྗོད་སྤྲོས་པའི་ཡུལ་མ་ཡིན་ཏེ། རིག་པའི་ངོ་བོ་ཤེས་ནས་རིག་པ་ཉིད་རང་སོར་གནས་སམ་འཆར་རམ། བྱིང་རྒོད་ལ་སོགས་པ་ཅི་བྱུང་ཡང་རང་བྱུང་ཡེ་ཤེས་ཉིད་ཀྱི་ངོ་བོ་དང་རོལ་པ་ཙམ་ལས། གོལ་སྒྲིབ་ལོགས་སུ་བསལ་དུ་མེད་དེ། གོལ་སྒྲིབ་དེ་ཉིད་རིག་པ་མ་རྟོགས་པ་གཞན་གཅིག་བྱུང་བ་མེད་ལ། རིག་པ་ཡེ་ནས་ཆོས་སྐུ་བྱ་བྲལ་ལྷུན་གྲུབ་ཆེན་པོར་གནས་པས། རིན་པོ་ཆེ་གསེར་གླིང་དུ་ཕྱིན་དུས་གསེར་ལས་མ་གཏོགས་པའི་ས་རྡོ་ངན་པ་བཙལ་ཡང་མི་རྙེད་པ་བཞིན་ནོ། ། ཀུན་བྱེད་ལས། ངང་ལ་གནས་པས་གཡོ་མེད་ལྷུན་གྱིས་གྲུབ། ། རང་བཞིན་གནས་པས་སུས་ཀྱང་བཅོས་སུ་མེད། ། མ་བཙལ་ཇི་བཞིན་པ་རུ་གནས་པ་དེ། ། བྱ་བ་མེད་པ་ལས་ཀྱི་མཆོག་ཏུ་བསྟན། ། ཞེས་སོ། ། 4. སྣང་སྲིད་ཞིང་ཁམས་སུ་གནས་པས་བླང་དོར་བཟང་ངན་མེད་པར་བསྟན་པ་ནི། བདག་གཞན་ཁམས་གསུམ་ཚུལ་མཉམ་རྡོ་རྗེ་དབྱིངས། ། རིག་པ་དག་མཉམ་ལྷུན་གྲུབ་ཆེན་པོས་ཁྱབ་པའི་ཞིང་། ཁམས་གསུམ་རིགས་དྲུག་ཏུ་སྣང་ཡང་རང་བྱུང་ཡེ་ཤེས་ཀྱི་ཞིང་ཁམས་སུ་ཡེ་ནས་རང་ཤར་བའི་ཆོས་ཉིད་རྫོགས་པ་ཆེན་པོའི་ཚུལ་རྡོ་རྗེ་དབྱིངས་སུ་ཡེ་ནས་སངས་རྒྱས་པར་བསྟན་པ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་པའི་ཆོས་མཐུན་ཡོད་པའི་སངས་རྒྱས་ཞེས་བརྗོད་དེ། ཆོས་མཐུན་སྦྱོར་མི་ཤེས་པར་གད་མཆོངས་གཡང་མཆོངས་ལ་ཐམས་ཅད་ཡེ་ནས་སངས་རྒྱས་ཡིན་རང་སྣང་ཡིན་ཟེར་བ་ནི། རྨོངས་པ་རྡོལ་ཐབས་སུ་སྨྲ་བ་སྟེ། གཉིད་ཁུང་དུ་ཁ་ཅིག་གླབ་རྡོལ་ལ་དེ་སྐད་ཟེར་བ་དང་ཁྱད་མེད་དོ། ། གཞན་ཡང་ཆོས་མཐུན་དང་དག་པ་སྦྱར་བས་སེམས་ཅན་གྱི་ཁམས་དང་སྣོད་བཅུད་དུ་སྣང་བ་སངས་རྒྱས་ཀྱི་དཀྱིལ་འཁོར་དུ་རྟོགས་པར་བྱ་སྟེ། རིན་པོ་ཆེ་སྤུངས་པ་ལས། བདག་དང་འཛིན་པའི་ཞེན་ཡུལ་ནི། ། དང་པོ་ཉིད་ནས་ཆོས་ཉིད་ལ། ། འདི་ཀུན་རང་གི་རང་སྣང་བར། ། ཡེ་ནས་སྣང་བ་སྔར་མ་རིག ། བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། ། ཡེ་ནས་རིག་པར་རང་ཤར་བས། ། ལྷན་ཅིག་གནས་པ་ཞལ་མ་འཚོ། ། ཞེས་སོ། ། 5. མྱ་ངན་ལས་འདས་པ་ཡང་སངས་རྒྱས་ཉིད་ཀྱི་རང་སྣང་དག་པ་ཙམ་ལས་གཞན་དུ་མེད་པར་བསྟན་པ་ནི། རང་རིག་སངས་རྒྱས་དག་སྣང་རིག་པའི་རྩལ། ། རིག་པ་གློ་བུར་དྲི་མ་ལས་དག་ཙམ་ལས། རྒྱུ་རྐྱེན་དང་རྩོལ་སྒྲུབ་ཀྱི་སེམས་ཉིད་ལས་གཞན་ནས་སངས་རྒྱས་ཀྱི་ངོ་བོ་བཙལ་དུ་མེད་དེ། རིག་པ་དག་པ་ལ་སངས་རྒྱས་ཞེས་བརྗོད་པ་ལས་གཞན་མེད་པའི་ཕྱིར་རོ། ། སངས་རྒྱས་ཀྱི་སྣང་བ་དེ་ཡང་རིག་པའི་སྣང་ཚུལ་ལས་གཞན་མ་ཡིན་པས། བྱང་ཆུབ་སེམས་ཀྱི་དབྱིངས་སུ་སངས་རྒྱས་པ་དེ་ཡང་གཞན་ནས་རྙེད་པའི་གནས་མེད་དེ། ཀུན་བྱེད་ལས། སྔ་རབས་འདས་པའི་སངས་རྒྱས་ཀྱང་། ། རང་སེམས་མི་བཅོས་སྔར་མཐོང་རྟོགས། ། ཞེས་སོ། ། 6. དེ་ལྟ་བུའི་རིག་པ་རང་ངོ་རྟོགས་ན་གོལ་སྒྲིབ་ཤུགས་ཀྱིས་ཆོད་པ་སྟེ། རིག་པ་རང་བཞག་གོལ་ས་ཤུགས་ལ་ཆོད། ། རིག་པའི་ངོ་བོ་སྤང་བླང་བྱ་བཙལ་ལས་འདས་པས་གཞན་དུ་བགྲོད་པ་དང་བལྟར་མེད་པའི་ཕྱིར་གོལ་ས་དང་སྒྲིབ་པ་མེད་ལ། རིག་པའི་ངོ་བོ་རབ་ལ་གཞག་ནས། དེ་ནས་ལོགས་སུ་འབད་རྩོལ་དང་ལྟ་སྒོམ་བྱས་པས་གོལ་སྒྲིབ་ཏུ་བྱུང་བ་སྟེ། ཀུན་བྱེད་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་འདི་ཉིད་ནི། ། ཆོས་ཀུན་མ་ལུས་པ་ཡི་སྙིང་པོ་སྟེ། མ་སྐྱེས་རྣམ་པར་དག་པས་སྒྲིབ་པ་མེད། ། བགྲོད་པའི་ལམ་དང་བྲལ་བས་གོལ་ས་མེད། ། ཅེས་སོ། ། 7. རིག་པའི་ངང་ལ་ཅི་སྣང་ཡང་དབྱིངས་ལས་གཡོས་པ་མེད་པར་བསྟན་པ་ནི། ཤེས་དང་མ་ཤེས་འཁོར་འདས་རིག་དང་གཅིག ། དབྱིངས་རང་བྱུང་གི་ཡེ་ཤེས་རང་ངོ་ཤེས་པས་སངས་རྒྱས་དང་མ་ཤེས་པས་སེམས་ཅན་ལྟར་སྣང་ཡང་། གཉིས་ཀ་རིག་པའི་ངང་དུ་རོ་གཅིག་པས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་སྟེ། ཀུན་བྱེད་ལས། སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་དང་། ། སངས་རྒྱས་སེམས་ཅན་བསྡུས་པ་ཐམས་ཅད་ཀུན། ། ཀུན་བྱེད་བྱང་ཆུབ་ང་ཡིས་བྱས་པའི་ཕྱིར། ། ཐམས་ཅད་བྱང་ཆུབ་སེམས་ལས་མ་གཏོགས་པ། ། གཞན་ཞེས་བྱ་བ་ཡེ་ནས་མེད་པའི་ཕྱིར། ། ཀུན་ཀྱང་བྱང་ཆུབ་སེམས་སུ་བསྟན་པ་ཡིན། ། ཞེས་སོ། ། 8. དེ་ལྟ་བུའི་རིག་པ་སྟོང་གསལ་འགག་མེད་ཆེན་པོར་བསྟན་པ་ནི། རིག་པ་ཀུན་གྱི་དངོས་གཞི་རྩལ་འགག་མེད། ། ཤེལ་གོང་དྲི་མ་མེད་པ་ལྟར་ངོ་བོ་སྟོང་གསལ་ཅིར་ཡང་མ་གྲུབ་པའི་སྐྱེ་མེད་ཀྱི་ངང་ལས། འགག་མེད་ཀྱི་རོལ་པ་ཅིར་ཡང་འཆར་བ་སྟེ། རིག་པ་རང་ཤར་ལས། ཕྱོགས་སུ་མ་ལྷུང་རྒྱ་མ་ཆད། ། ཕྱི་དང་ནང་མེད་ཡངས་པ་ཆེ། ། དག་པ་དྲི་མེད་ཤེལ་གོང་བཞིན། ། སྣང་ལ་རང་བཞིན་མེད་པར་གསུངས། ། ཞེས་སོ། ། 9. དེའི་རང་ཞིན་རྒྱས་པར་བཤད་པ་ནི། རང་བྱུང་ལྷུན་གྲུབ་མེ་ལོང་འོད་པོ་ཆེ། ། དབྱིངས་རང་བྱུང་ཡེ་ཤེས་ལྷུན་གྲུབ་ནོར་བུའི་རྩེ་མོ་ནི་ངང་གིས་འོད་གསལ་ལ་དྲི་མ་མེད་པའི་འོད་ཟེར་འཁོར་འདས་ཡོངས་ལ་ཁྱབ་པར་འཕྲོ་བས་བྱང་ཆུབ་སེམས་ཀྱི་མེ་ལོང་འོད་པོ་ཆེ་ཞེས་བྱ་སྟེ། ཡངས་པ་ཆོས་ཉིད་ཀྱི་ངོ་བོ་བསམ་ཡུལ་ལས་འདས་པ་ཉིད། རང་ཤར་ལས། མི་འགག་རོལ་པའི་ཆོས་ཉིད་ལས། ། ཀུན་བཟང་ཡངས་པའི་དབྱིངས་ཉིད་ཤར། ། དགོངས་པ་ཤེས་རབ་ཆེན་པོའི་དབྱིངས། ། འཛིན་པའི་ཆོས་ཉིད་ཆགས་པ་མེད། ། རྟོག་མེད་སྨྲ་བསམ་ཡུལ་ལས་འདས། ། དཔེར་ན་ནམ་མཁའི་ཆོ་འཕྲུལ་བཞིན། ། ཞེས་སོ། ། 10 .རིག་པ་བྱང་ཆུབ་ཀྱི་ཀློང་ཡངས་པར་བསྟན་པ་ནི། མཐའ་བྲལ་ཆོས་ཀུན་རྫོགས་པ་ཀློང་ཆེན་དབྱིངས། ། མཐའ་བཞི་ལས་རྣམ་པར་གྲོལ་བའི་རིག་པ་ནམ་མཁའི་ངང་དང་། དེ་ལས་ཤར་བའི་ཆོས་ཐམས་ཅད་སྒྱུ་མ་ཆུ་ཟླ་ལྟར་ཡོད་མེད་ལས་འདས་པའི་ཕྱིར། ཆོས་ཉིད་ཀློང་ཆེན་དག་པའི་རང་བཞིན་དུ་བསྟན་ཏེ། རིག་པ་རང་ཤར་ལས། སྒྱུ་མ་ཆུ་ཟླ་སྨིག་རྒྱུ་བཞིན། ། མེད་པ་ཟང་མ་མ་ཡིན་ལ། ། ཡོད་པ་ཡང་ནི་མ་ཡིན་ནོ། ། ཡོད་མེད་གཉིས་ལས་འདས་པའི་ཕྱིར། ། རིག་པའི་ངོ་བོ་སྐྱེ་བ་མེད། ། སྣང་བའི་རང་བཞིན་འགག་པ་ནི། ། རིག་པའི་མཚན་ཉིད་དངོས་པོ་མེད། ། རིག་པའི་འབྲས་བུ་མ་བཅོས་པ། ། རིག་པ་སྐུ་གསུམ་ངོ་བོར་གསུངས། ། ཞེས་སོ། །

Tibetan Source 《མདོ་རྒྱུད་མཛོད་མི་པ་》ཤ་129.8ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number