9322
Tibetan | བྱང་ཆུབ་སེམས་དཔའ་ས་དང་མཚུངས་པའི་ཆོས་བཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ།
1. བྱང་ཆུབ་སེམས་དཔའ་ཡངས་ཤིང་ཚད་མེད་པ་ཡིན་ནི། དཔེར་ན། ས་ཆེན་པོ་ནི། ཐམས་ཅད་དུ་ཡངས་ཤིང་ཚད་མེད་དོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འདི་ལྟ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཀུན་ཏུ་ཡངས་ཤིང་ཚད་མེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཡངས་ཤིང་ཚད་མེད་པ་ཡིན་ནོ། ། 2. བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་གྱུར་པ་ཡིན་ནི། དཔེར་ན། ས་ཆེན་པོ་ནི། འདི་ལྟར་ཡོ་བྱད་རྣམ་པ་དེ་དང་དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་གྱུར་པ་ཡིན་ནོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་སོགས་པ་བྱང་ཆུབ་ཀྱི་ཚོགས་རྣམས་དང་། ཕན་པར་འགྱུར་བའི་ཡོ་བྱད་རྣམ་པ་དུ་མ་དེ་དང་དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་གྱུར་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་གྱུར་པ་ཡིན་ནོ། ། 3. བྱང་ཆུབ་སེམས་དཔའ་གནོད་པ་དང་ལན་དུ་ཕན་འདོགས་པ་དང་བྲལ་བ་ཡིན་ནི། དཔེར་ན། ས་ཆེན་པོ་ནི། གནོད་པས་ཀྱང་ཁོང་ཁྲོ་བར་མི་འགྱུར། ཕན་པས་ཀྱང་ཆགས་པར་མི་འགྱུར་ཏེ། དེ་ལ་གཉིས་སུ་འདུ་ཤེས་པའང་མི་འབྱུང་ངོ་། ། དེ་བཞིན་དུ་བྱང་ཆུབ་སེམས་དཔང་ཡང་གནོད་པ་དག་གིས་ཁོང་ཁྲོ་བར་མི་འགྱུར། ཕན་པ་དག་གིས་ཀྱང་ཆགས་པར་མི་འགྱུར་ཏེ། དེ་ནི། སེམས་ཅན་དེ་དག་ལ་ཆགས་པ་དང་། ཁོང་ཁྲོ་བའང་མི་སྐྱེད་དེ། བྱང་ཆུབ་སེམས་དཔའ་གནོད་པ་དང་ལན་དུ་ཕན་འདོགས་པ་དང་བྲལ་བ་ཡིན་ནོ། ། 4. བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྤྲིན་ཆེན་པོ་ཀུན་ཟེད་པ་ཡིན་ནི། དཔེར་ན། ས་ཆེན་པོ་ནི། སྤྲིན་ཆེན་པོ་ལས་འབབ་པའི་ཆུ་ཀླུང་ཆེན་པོ་ཀུན་ཟེད་དེ། བཟོད་ཅིང་ཀུན་འཛིན་ཏོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་གཤིགས་པ་ཆོས་ཀྱི་སྤྲིན་ཆིན་པོ་ལས་ཆོས་ཀྱི་ཆར་པ་ཆེན་པོ་རབ་ཏུ་ཕབ་པ་ཀུན་ཟེད་ཅིང་བཟོད་ལ་འཛིན་ཏེ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྤྲིན་ཆེན་པོ་ཀུན་ཟེད་པ་ཡིན་ནོ། ། 5. བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་གནས་སུ་གྱུར་པ་ཡིན་ནི། དཔེར་ན། ས་ཆེན་པོ་ནི། སེམས་ཅན་ཐམས་ཅད་འགྲོ་བ་དང་། འོང་བའི་གནས་སུ་གྱུར་པ་ཡིན་ནོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ཀྱི་བདེ་འགྲོ་དང་། མྱ་ངན་ལས་འདས་པར་འགྲོ་བའི་གནས་སུ་གྱུར་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་གནས་སུ་གྱུར་པ་ཡིན་ནོ། 6. བྱང་ཆུབ་སེམས་དཔའ་དགེ་བའི་ཆོས་ཀྱི་ས་བོན་གྱི་གཞིར་གྱུར་པ་ཡིན་ནི། དཔེར་ན། ས་བོན་ཐམས་ཅད་ནི། ས་ཆེན་པོའི་གཞིར་གྱུར་པ་ལས་སྐྱེའོ། ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ཆོས་ཀྱི་ས་བོན་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་གཞིར་གྱུར་པ་ལས་སྐྱེ་སྟེ། བྱང་ཆུབ་སེམས་དཔའ་དེ་དགེ་བའི་ཆོས་ཀྱི་ས་བོན་གྱི་གཞིར་གྱུར་པ་ཡིན་ནོ། ། 7. བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་སྣོད་དུ་གྱུར་པ་ཡིན་ནི། དཔེར་ན། ས་ཆེན་པོ་ནི། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་སྣོད་ཡིན་ཏེ། ས་ཆེན་པོ་ལ་རིན་པོ་ཆེ་སྣ་ཚོགས་ཀུན་སྣང་ངོ་། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཡོན་ཏན་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་སྣོད་དུ་གྱུར་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ལ་ཡོན་ཏན་རིན་པོ་ཆེ་སྣ་ཚོགས་ཀུན་སྣང་སྟེ། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་སྣོད་དུ་གྱུར་པ་ཡིན་ནོ། ། 8. བྱང་ཆུབ་སེམས་དཔའ་རྩི་ཆེན་པོའི་སྣོད་དུ་གྱུར་པ་ཡིན་ནི། དཔེར་ན། རྩི་ཆེན་པོ་གང་དག་ནད་རྣམ་པ་སྣ་ཚོགས་ཞི་བར་འགྱུར་བ་དག་ཀྱང་ས་ཆེན་པོ་ལ་གནས་ཏེ་འཇིག་རྟེན་ན་སྣང་ངོ་། ། དེ་བཞིན་དུ་གང་དག་གིས་ཉོན་མོངས་པའི་ནད་རྣམ་པ་སྣ་ཚོགས་པ་རྣམས་ཞི་བར་འགྱུར་བའི་ཆོས་ཀྱི་རྩི་ཆེན་པོ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ལ་གནས་ཤིང་འཇིག་རྟེན་དུ་སྣང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་རྩི་ཆེན་པོའི་སྣོད་དུ་གྱུར་པ་ཡིན་ནོ། ། 9. བྱང་ཆུབ་སེམས་དཔའ་མི་སྒུལ་བ་ཡིན་ནི། དཔེར་ན། ས་ཆེན་པོ་ནི། འདི་ལྟར་ཤ་སྦྲང་དང་། སྦྲང་བུ་དང་། རླུང་དང་། ཉི་མ་དང་། སྦྲུལ་གྱིས་རེག་པའི་སྡུག་བསྔལ་ཐམས་ཅད་ཀྱིས་མི་སྒུལ་བ་ཡིན་ནོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལས་བྱུང་བའི་ཕྱི་ནང་གི་སྡུག་བསྔལ་ཐམས་ཅད་ཀྱིས་མི་སྒུལ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་མི་སྒུལ་བ་ཡིན་ནོ། ། 10 .བྱང་ཆུབ་སེམས་དཔའ་མི་དངང་པ་ཡིན་ནི། དཔེར་ན། ས་ཆེན་པོ་ནི། གླང་པོ་ཆེའི་རྒྱལ་པོ་དང་། རི་དྭགས་ཀྱི་རྒྱལ་པོ་རྣམ་པ་སྣ་ཚོགས་ཀྱི་སྒྲ་ཐོས་ཀྱང་མི་སྐྲག རབ་ཏུ་མི་སྐྲག ཤིན་ཏུ་མི་སྐྲག སྐྲག་པར་མི་འགྱུར་རོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བདུད་དང་མུ་སྟེགས་ཅན་ཐམས་ཅད་ཀྱི་སྒྲ་ཐོས་ན་མི་སྐྲག རབ་ཏུ་མི་སྐྲག ཤིན་ཏུ་མི་སྐྲག སྐྲག་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་མི་དངང་བ་ཡིན་ནོ། ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ས་ཆེན་པོ་དང་མཚུངས་པ་རྣམས་ཡིན་ནོ། ། |
Tibetan Source | 《མདོ་ཚ་པ་》ཤ་53བ་5ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |