9431

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དམྱལ་བའི་རྒྱུ་བཅུ།
Tibetan Alternate
Tibetan Definition དེ་ཡང་། སངས་རྒྱས་གཙུག་ཏོར་དཔའ་བར་འགྲོ་བ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ།

1. འདོད་པའི་བག་ཆགས་ནི། འདོད་པའི་བག་ཆགས་དང་འབྲེལ་བ་ནི། ཕན་ཚུན་དུ་ཞེན་པ་ལ་བསྐྱེད་པ་ཡིན་ལ་ཞེན་བཞིན་དུ་རྒྱུན་ཆགས་པའི་ཕྱིར་དེ་ལྟར་རབ་ཏུ་འབར་བའི་མེ་ལྕེ་ནང་ནས་འཕྲོ་ཞིང་འབྱུང་ངོ་། ། དཔེར་ན། མིའི་ལག་པ་ཕན་ཚུན་མཉེས་ན་དྲོ་བའི་མཚན་མ་འབྱུང་བ་ལྟར་བག་ཆགས་གཉིས་ཕན་ཚུན་དུ་ཞེན་པས་དེ་ལྟར་ལྕགས་ཀྱི་ཁྲི་དང་ཟངས་ཀྱི་ཀ་བ་ལ་སོགས་པའི་འབྲས་བུ་མྱོང་ངོ་། ། དེའི་ཕྱིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་འདོད་པའི་ལས་གཟིགས་ནས་འདོད་ཆགས་ཀྱི་མེ་ཞེས་གདགས་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་རྣམས་འདོད་པ་ལ་གཟིགས་ནས་མེའི་དོང་བཞིན་དུ་བྱོལ་ནས་འགྲོའོ། ། 2. བརྣབ་སེམས་ཀྱི་བག་ཆགས་ནི། བརྣབ་སེམས་ཀྱི་བག་ཆགས་ལས་རྟོག་ཅིང་སེམས་པ་ནི། རྔུབ་པའི་རྣམ་པ་བྱུང་ཞིང་རྔུབ་པ་རྒྱུན་ཆགས་པ་ཚིམ་པ་མེད་པས་དེ་ལྟར་ལྷགས་སྒང་གི་འཁྱགས་པའི་ནང་དུ་གྲང་ངད་ཀྱིས་གས་པར་འགྱུར་རོ། ། དཔེར་ན། མིའི་ཁ་ནས་དབུགས་ནང་དུ་རྔུབ་ན་གྲོང་བ་ཚོར་བ་དང་འདྲའོ། ། བག་ཆགས་གཉིས་ཕན་ཚུན་དུ་ཟིལ་གྱིས་མནན་པས་དེ་ལྟར་ཨ་ཆུ་དང་ཀྱེ་ཧུད་དང་སོ་ཐམ་ཐམ་ལ་སོགས་པའི་སྐད་འདོན་ཞིང་ཨུཏྤལ་དང་པདྨ་ལྟ་བུར་ཁ་དོག་འགྱུར་ཏེ་འཁྱགས་ཤིང་གྲང་བའི་སྡུག་བསྔལ་མྱོང་ངོ་། ། དེའི་ཕྱིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀུན་ཏུ་ལེན་པར་འདོད་པ་དག་གཟིགས་ནས་བརྣབ་སེམས་ཀྱི་ཆུ་བོ་ཞེས་གདགས་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་རྣམས་བརྣབ་སེམས་གཟིགས་ནས་དུག་གི་རླངས་པ་ཅན་གྱི་རྒྱ་མཚོ་ལྟར་བྱོལ་ནས་འགྲོའོ། ། 3. མཐོན་པོའི་ང་རྒྱལ་གྱི་བག་ཆགས་ནི། མཐོན་པོའི་ང་རྒྱལ་གྱི་བག་ཆགས་ཀྱིས་ཟིལ་གྱིས་མནན་པ་ལས་ཕན་ཚུན་དུ་ཕྲག་དོག་པས་བསྐྱེད་པ་ཡིན་ཞིང་འདི་རྒྱུན་མ་འཆད་པས་འཕྱོ་ཞིང་འཕྱུར་ལ་འཁྲུགས་པ་ལས་ཆུ་བོ་འབྱུང་སྟེ། དཔེར་ན། ཁ་ནང་ན་ལྕེ་བསྒྱུར་ཞིང་འདྲིལ་ན་མཆིལ་མ་འབྱུང་བ་དང་འདྲའོ། ། བག་ཆགས་འཕེལ་བཞིན་པ་དེ་ལྟ་བུར་ཁྲག་གི་རླུང་དང་། ཐུལ་སྐྱའི་རླུང་། བྱེ་ཚན་དང་། དུག་གི་མཚོ་དང་། ཟངས་ཞུན་ཁར་ལྡུགས་པ་དང་མིད་པ་ལ་སོགས་པའི་སྡུག་བསྔལ་མྱོང་ངོ་། ། དེའི་ཕྱིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་མཐོན་པོའི་ང་རྒྱལ་ལ་གཟིགས་ནས་རྨོངས་བྱེད་ཀྱི་ཆུ་འཐུང་བ་དང་འདྲའོ། ། ཞེས་གདགས་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་རྣམས་མཐོན་པོའི་ང་རྒྱལ་གཟིགས་ནས་འདམ་རྫབ་ཆེན་པོ་དང་འདྲ་བར་བྱོལ་ཞིང་འགྲོའོ། ། 4. ཞེ་སྡང་གི་བག་ཆགས་ནི། ཞེ་སྡང་གི་བག་ཆགས་ཕན་ཚུན་དུ་འཚེ་བ་ནི། ཕན་ཚུན་མི་འདོད་པ་བསྐྱེད་པ་ཡིན་ཞིང་མི་འདོད་པས་འཆིང་བཞིན་དུ་མ་ཞི་ན་སེམས་གདུངས་ནས་མེ་འབར་ཏེ་ཁྲོ་བའི་རང་བཞིན་ལྕགས་ལྟར་འགྱུར་རོ། ། དེའི་ཕྱིར་རལ་གྲིའི་རི་དང་། ལྕགས་ཀྱི་དབྱུག་པ་དང་། ཤལ་མ་ལིའི་སྡོང་པོ་དང་། རལ་གྲིའི་འཁོར་ལོ་དང་། དགྲ་སྟ་དང་། མདུང་དང་། སོག་ལེ་ལ་སོགས་པ་དག་འབྱུང་ངོ་། ། དཔེར་ན། མི་དག་ཤ་འཁོན་དུ་གྱུར་ཏེ་ཕན་ཚུན་གསོད་པ་དང་། ཞེ་སྡང་བ་ལྟར་བག་ཆགས་གཉིས་ཀྱིས་ཕན་ཚུན་གསོད་པས་དེ་ལྟར་དཔལ་བཅོམ་སྟེ་མགོ་གཅོད་པ་དང་། དུམ་བུར་བྱེད་པ་དང་། འབུགས་པ་དང་། བསྣུན་པ་ལ་སོགས་པའི་སྡུག་བསྔལ་མྱོང་ངོ་། ། དེའི་ཕྱིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཞེ་སྡང་གཟིགས་ནས་རལ་གྲི་རྣོན་པོ་ཞེས་གདགས་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་རྣམས་ཞེ་སྡང་གཟིགས་ནས་གསོད་པ་པོ་དང་འདྲ་བར་བྱོལ་ནས་འགྲོའོ། ། 5. གཡོ་སྒྱུའི་བག་ཆགས་ནི། གཡོ་སྒྱུའི་བག་ཆགས་ཀྱིས་ཕན་ཚུན་བསླུ་བ་ནི། ཕན་ཚུན་གྱོད་སློང་བ་ལས་བསྐྱེད་པ་ཡིན་ཞིང་འཕེལ་ཞིང་རྒྱུན་ཆགས་པ་ལས་དེ་ལྟ་བུར་ཐག་པས་བཀྱིག་པ་དང་། ཤིང་གིས་བཅུ་བ་དང་། ནན་ཏུར་བྱེད་པ་ལ་སོགས་པ་འབྱུང་ངོ་། ། དཔེར་ན། ཞིང་ལ་ཆུ་དྲངས་ཏེ་རྩ་ཤིང་བསྐྱེད་པ་དང་འདྲའོ། ། བག་ཆགས་གཉིས་ཕན་ཚུན་དུ་འཕེལ་བས་དེ་ལྟར་རྐང་ལག་ལྕགས་སྒྲོག་དང་། བསྡོས་བསྐོན་པ་དང་། བེར་ཀ་དང་། ལྕགས་ཐག་གིས་བསྡམས་པ་དང་། ལྕག་ཚན་དང་། དབྱུག་པ་དང་། བེ་ཅོན་ལ་སོགས་པའི་འབྲས་བུ་མྱོང་ངོ་། ། དེའི་ཕྱིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་གཡོ་སྒྱུ་གཟིགས་ནས་གཡོ་ཅན་གྱི་རྐུན་པོ་ཞེས་གདགས་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་རྣམས་གཡོ་སྒྱུ་ཅན་ལ་འཕར་བ་དང་འདྲ་བར་འཇིགས་ཤིང་སྐྲག་གོ ། 6. རྫུན་གྱིས་བསླུ་བའི་བག་ཆགས་ནི། ཕན་ཚུན་རྫུན་གྱིས་བསླུ་བའི་བག་ཆགས་ནི། ཕན་ཚུན་དུ་ཅོ་འདྲི་བས་སྐྱོན་འདོགས་ཤིང་ཚུལ་དེ་མི་གཏོང་བར་གཡོ་སྒྱུའི་བསམ་པ་བསྐྱེད་པ་ལས་དེ་ལྟར་རྡུལ་དང་། བཤང་གཅི་དང་། དྲི་ང་བ་དང་། མི་གཙང་བ་སོགས་འབྱུང་ངོ་། ། དཔེར་ན། རླུང་གིས་རྡུལ་འཚུབས་ལངས་ཏེ་མི་མཐོང་བ་དང་འདྲའོ། ། བག་ཆགས་གཉིས་འཕེལ་ནས་དེ་ལྟར་འདམ་དུ་ལྷུང་ཞིང་འཕྱོ་བོ་དང་། སྐྱུར་བ་དང་། འཕུར་བ་དང་། འབབ་པ་དང་། རྒྱུན་གྱིས་འཁྱེར་བ་དང་། བྱིང་བ་ལ་སོགས་པའི་འབྲས་བུ་མྱོང་ངོ་། དེའི་ཕྱིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་གཡོ་སྒྱུ་བྱེད་པ་དང་བསླུ་བ་གཟིགས་ནས་ཆོམ་རྐུན་གྱིས་གསོད་པ་དང་འདྲ་ཞེས་གདགས་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་རྣམས་གཡོ་སྒྱུ་གཟིགས་ནས་དུག་སྦྲུལ་རྐང་འོག་ཏུ་ཚུད་པ་དང་འདྲ་བར་སེམས་སོ། ། 7. ཤ་འཁོན་གྱི་བག་ཆགས་ནི། ཤ་འཁོན་གྱི་བག་ཆོགས་ལས་ཕན་ཚུན་དུ་དོགས་པ་དང་མྱ་ངན་ལས་བསྐྱེད་པ་ཡིན་ཞིང་རྡོ་བ་འཕེན་པ་དང་། གྱོ་མོ་འཕེན་པ་དང་། སྒྲོམ་དུ་འཇུག་པ་དང་། ཤིང་རྟར་འཛུད་པ་དང་། རྫ་མར་འཇུག་པ་དང་། ཕད་བུར་བཅུག་ནས་བསྐྱུར་ཏེ་གསོད་པ་ལ་སོགས་པ་འབྱུང་ངོ་། ། དཔེར་ན། སྐྱེ་བོ་མ་རུངས་པ་གདུག་སེམས་བསྐྱེད་པ་དང་འདྲ་བར་བག་ཆགས་གཉིས་ཕན་ཚུན་དུ་འབྲེལ་བས་དེ་ལྟར་བརྡུང་བ་དང་། བསྐྱུར་བ་དང་། འཛིན་པ་དང་། འཁྱིག་པ་དང་། མདའ་སོགས་ཀྱིས་འདེབས་པ་དང་། གསོད་པ་དང་། བསྐྱུར་བ་དང་། ལུས་བསྒྲིལ་བ་ལ་སོགས་པའི་འབྲས་བུ་མྱོང་ངོ་། ། དེའི་ཕྱིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཤ་འཁོན་ཅན་གྱི་སྐྱེ་བོ་གཟིགས་ནས་ལོག་པར་གནོད་པའི་འདྲེ་ཞེས་གདགས་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་རྣམས་ཤ་འཁོན་ཅན་གྱི་སྐྱེ་བོ་གཟིགས་ནས་དུག་གི་ཆང་འཐུང་བ་དང་འདྲ་བར་སེམས་སོ། ། 8. ལྟ་བའི་བག་ཆགས་ནི། ལྟ་བའི་བག་ཆགས་ཀྱིས་ཕན་ཚུན་དུ་གསལ་བ་ནི། ངའོ་སྙམ་དུ་འཛིན་པ་དང་། ལྟ་བའི་འཛིན་པ་དང་། ཚུལ་ཁྲིམས་མཆོག་ཏུ་འཛིན་པ་དང་། འདུ་ཤེས་ལོག་པའི་རིགས་སྡིག་པའི་འབྲས་བུ་ཐམས་ཅད་ཕྱིན་ཅི་ལོག་ལས་བསྐྱེད་ནས་སོ་སོར་ཕྱུང་བ་ནི། ཕན་ཚུན་དུ་རྒོལ་བ་ལས་བྱུང་ངོ་། ། དེ་ལྟར་གཤིན་རྗེའི་ཕོ་ཉ་དང་ལས་བྱེད་པ་ཡི་གེ་དང་དཔང་རྒྱ་འཛིན་པ་དག་ཡོད་དོ། ། དཔེར་ན། ལམ་དུ་འགྲོ་བའི་མི་གཅིག་གིས་གཅིག་ལྟ་བ་དང་འདྲའོ། ། བག་ཆགས་གཉིས་ཕན་ཚུན་དུ་མཐུན་པས་དེ་ལྟར་དཔང་རྒྱ་འཛིན་པ་དག་གིས་གཡོ་སྒྱུ་ལ་རྟོག་པ་དང་། འདྲི་བ་དང་། ནན་ཏུར་བྱེད་པ་དང་། རྩ་བ་ཚོལ་བ་དང་། ཕྲ་ཞིང་ཞིབ་པར་བྱེད་པ་དང་། ལེགས་ཉེས་འབྱེད་པའི་ལྷ་དང་འདྲེ་དག་གི་ལག་ཏུ་ཡི་གེ་བཟུང་ནས་སོ་སོར་འབྱེད་པ་དག་འབྱུང་བར་འགྱུར་རོ། ། དེའི་ཕྱིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལྟ་བ་ངན་པ་གཟིགས་ནས་ལྟ་བའི་དོང་ཞེས་གདགས་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་རྣམས་འདི་ལྟ་བུ་བདེན་པ་མ་ཡིན་པའི་སྟོང་པ་ལ་ལོག་པར་བཟུང་བ་གཟིགས་ནས་དུག་གི་གཅོང་རོང་དང་འདྲ་བར་སེམས་སོ། ། 9. བསྙོན་པའི་བག་ཆགས་ནི། བསྙེན་པའི་བག་ཆགས་ཕན་ཚུན་དུ་སྒྲོ་འདོགས་པ་ནི་བསྙོན་ཏེ་ངན་དུ་སྨྲ་བ་ལས་བསྐྱེད་པ་ཡིན་ཞིང་དེའི་ཕྱིར་རིས་བཙིར་བ་དང་། རྡོ་བས་བཙིར་བ་དང་། མཆིག་དང་རང་ཐག་གིས་འཐག་པ་ལ་སོགས་པའི་འབྲས་བུ་མྱོང་ངོ་། ། དཔེར་ན། སྐྱེ་བོ་མི་སྲུན་པས་སྐྱེ་བོ་རང་བཞིན་དྲང་པོ་ལ་ཉེས་པ་མེད་པར་བསྙོན་འཛུགས་པ་དང་འདྲའོ། ། བག་ཆགས་གཉིས་ཕན་ཚུན་འབྲེལ་བས་དེ་ལྟར་བསྲུང་བ་དང་། འཚེ་བ་དང་། བརྡེག་པ་དང་། ལྕིད་ཀྱིས་ནོན་པ་དང་། བཙིར་བ་དང་། དཔྱང་བ་ལ་སོགས་པའི་འབྲས་བུ་མྱོང་ངོ་། ། དེའི་ཕྱིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་གཤེ་ཞིང་བསྙོན་པ་དག་གཟིགས་ནས་མི་སྲུན་པ་ཞེས་གདགས་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་རྣམས་བསྙོན་པ་དག་གཟིགས་ནས་ཐོག་ཕངས་པ་དང་འདྲ་བར་བལྟའོ། ། 10 .ཤེར་སྦྱང་གི་བག་ཆགས་ནི། ཤེར་སྦྱང་གི་བག་ཆགས་ཕན་ཚུན་དུ་རྩོད་པ་ནི། གསང་ཞིང་སྦས་པས་བསྐྱེད་པ་ཡིན་ཞིང་དེའི་ཕྱིར་མེ་ལོང་སྟོན་པ་དང་། འོད་ཀྱིས་སྣང་བར་བྱེད་པ་དག་ཡོད་དེ། དཔེར་ན། ཉི་མའི་གྲིབ་མ་སྦེད་མི་ཐུབ་པ་དང་འདྲའོ། ། བག་ཆགས་གཉིས་ཕན་ཚུན་འབྲེལ་བས་དེ་ལྟ་བུ་ཤ་འཁོན་ཅན་གྱི་དགྲ་དང་གྲོགས་ངན་པ་དང་སྡིག་པ་སྟོན་པ་མེ་ལོང་དང་ནོར་བུ་སྒྲོན་མེས་རིང་ནས་བསགས་པའི་སྡིག་པ་རྣམས་རྣམ་པར་གསལ་བར་བྱས་ཏེ་མཚན་མ་སྟོན་པ་ལ་སོགས་པའི་འབྲས་བུ་མྱོང་ངོ་། ། དེའི་ཕྱིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་རང་སྐྱོན་གསང་ཞིང་སྦེད་པ་གཟིགས་ནས་རྐུན་མ་གཡོ་ཅན་ཞེས་གདགས་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་རྣམས་སྦེད་པ་ལ་གཟིགས་ནས་རི་ཆེན་པོ་སྤྱི་བོར་ཁུར་ནས་རྒྱ་མཚོའི་ནང་དུ་གོམ་པ་འགོད་པ་དང་འདྲ་བར་བལྟའོ། །

Tibetan Source 《མདོ་ཝ་པ་》ཤ་539ན་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number