9432

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྨན་གྱི་གཏོང་ཚུལ་བཅུ།
Tibetan Alternate
Tibetan Definition 1.ཟས་མ་ཟོས་པའི་གོང་སྟེ་སྐྱ་རེངས་གཏོང་དགོས་པ་ནི། དེ་ཡང་བད་ཀན་གྱི་ནད་ལྡང་ཞིང་སྟོབས་རྒྱས་པ་དང་། འདུས་པའི་ནད་སྟོབས་དང་ལྡན་པའི་རིགས་ལ་ཕན་པའི་སྨན་རྣམས་ནི་ཟས་མ་ཟོས་པའི་གོང་ཁྱེའུ་སུས་ཏེ་ནངས་པར་ཐོ་རེངས་ཀྱི་དུས་ཕོ་བའི་བད་ཀན་བྱང་ཞིང་ཟས་མ་ཟོས་པའི་རྩ་སྒོ་རྣམས་ཀྱང་མ་འགགས་པ་དྲོད་དང་སྨན་གྱི་ནུས་པ་མཐུ་ཆེ་བའི་དུས་སམ་ཞོགས་པ་སྐྱ་རེངས་འཆར་བའི་དུས་སུ་གཏོང་དགོས་པ།

2. ཟས་ཟ་བའི་སྔོན་དུ་གཏོང་དགོས་པ་ནི། གཞང་ལ་གནས་པའི་ཐུར་སེལ་རླུང་དང་ལོང་ལ་སོགས་པའི་ཡུལ་དུ་གནས་པའི་ནད་རྣམས་ལ་ཕན་པའི་སྨན་ནི་ཟས་ཟ་བའི་སྔོན་དུ་སྨན་བཏང་ནས་རྗེས་ཐོག་དེ་མ་ཐག་ཏུ་ཟས་ཟ་བ་སྟེ་སྨན་གྱི་ནུས་པ་ཐུར་དུ་འགྲོ་བའི་ཐབས་ཀྱིས་གཏོང་བ། 3. ཟས་ཀྱི་དབུས་སུ་གཏོང་དགོས་པ་ནི། རླུང་མེ་མཉམ་སོགས་ལ་ཕན་པའི་སྨན་ནི་བཤད་མ་ཐག་པའི་རིགས་པས་ཟས་ཕྱེད་ཟོས་ནས་སྨན་བཏང་ལ། དེ་རྗེས་ཟས་ཀྱི་ལྷག་མ་དེ་ཟ་བ་སྟེ་ཁ་ཟས་ཕྱེད་ཟོས་ཤིང་ཕྱེད་མ་ཟོས་པའི་དབུས་སུ་བཏང་བའོ། ། 4. ཟས་ཟོས་མཐར་གཏོང་དགོས་པ་ནི། རླུང་ཁྱབ་བྱེད་ལས་གྱུར་པའི་ནད་རྣམས་ལ་ཕན་པའི་སྨན་ནི་ཉིན་ཕྱེད་དམ་ཡང་ན་དགོངས་མོའི་ཁ་ཟས་ཟོས་མ་ཐག་པའི་དུས་སམ་མཐར་གཏོང་བ། 5. ཟས་ཁམ་རེ་དང་སྨན་ཐུན་ཆུང་ངུ་རེ་སྤེལ་ནས་གཏོང་དགོས་པ་ནི། རླུང་སྲོག་འཛིན་ལས་གྱུར་པའི་ནད་རྣམས་ལ་ཕན་པའི་སྨན་ནི་ཟས་ཁམ་རེ་དང་སྨན་ཐུན་རེ་སྟེ་སྨན་ཐུན་ཆུང་ཆུང་རེ་སྤེལ་ནས་གཏོང་བ། 6. ཟས་ཀྱི་བར་མཚམས་སྟེ་ཟས་ཞུ་བའི་མཚམས་སུ་གཏོང་དགོས་པ་ནི། གྱེན་རྒྱུའི་རླུང་ལ་སོགས་པ་ནད་རིགས་ཕལ་མོ་ཆེ་ལ་ཕན་པའི་སྨན་ནི་ཟས་ཀྱི་བར་མཚམས་ཏེ་ཟས་ཞུ་བའི་མཚམས་སུ་སྨན་གཏོང་བ་དང་། སྨན་ཞུ་བའི་མཚམས་སུ་ཟས་གཏོང་བ་སྟེ་སྤྱིར་ཟས་ཞུ་སྨན་ལ་སྨན་ཞུ་ཟས་བཏང་གཅེས་ཞེས་པའི་ཚུལ་དུ་གཏོང་བ་ཡིན་ནོ། ། དེའུ་དམར་པས། ཟས་ཀྱི་བར་མཚམས་ཟས་དང་ཅུང་ཟད་འགྱངས་པའི་སྐབས་སུ་སྨན་གཏོང་བའོ་ཞེས་ཀྱང་གསུངས་སོ། ། 7. དུས་ཀྱི་ངེས་པ་མེད་པ་ཙེ་གུར་ཏེ་སྨན་ཐུན་ཆུང་ངུ་ཡང་ནས་ཡང་དུ་གཏོང་དགོས་པ་ནི། དབུགས་མི་བདེ་བ་དང་ལུད་པ་འཕེལ་བ་ལ་སོགས་པའི་ནད་རྣམས་ལ་ཕན་པའི་སྨན་ནི་ཁ་ཟས་ཟོས་མ་ཟོས་གང་ཡང་རུང་བ་ལ་དུས་ཀྱི་སྐབས་ངེས་པ་མེད་པར་ཙེ་གུར་ཏེ་ཐུན་ཆུང་ཆུང་ཡང་ནས་ཡང་དུ་གཏོང་བའོ། ། 8. ཟས་བཅས་ཏེ་ཟས་དང་མཉམ་དུ་སྨན་གཏོང་དགོས་པ་ནི། ཡི་ག་འཆུས་པ་ལ་སོགས་པ་ནད་འགའ་ཞིག་ལ་ཕན་པའི་སྨན་རྣམས་ནི་ནད་དེ་རང་ལ་ཕན་པའི་ཁ་ཟས་དང་བཅས་མཉམ་དུ་བསྡེབས་ཏེ་གཏོང་བ་ཡིན་ཏེ། སྨན་སུན་ཡི་ག་སྡར་ལ་གསང་སྟེ་བཏང་ཞེས་པ་ལྟ་བུ་སྨན་གྱིས་སུན་པ་དང་སྨན་བཟའ་མི་འདོད་པའི་ཡི་ག་འཆུས་པ་སོགས་དེ་ལྟ་བུའི་རིགས་ལ་ཟས་དང་བསྲེས་ནས་ཟ་བ་མ་གཏོགས་སྨན་ལ་ཡི་ག་མེད་པའི་ཕྱིར་ན་ཟས་དང་བསྲེས་ནས་གཏོང་བའོ། ། 9. ཁ་ཟས་སྔོན་རྗེས་གཉིས་ཀར་སྨན་གྱིས་ཁ་ཟས་བཏུམས་པའམ་མནན་ཐབས་ཀྱི་གཏོང་དགོས་པ་ནི། སྐྱིགས་བུ་ལ་སོགས་པའི་ནད་འགའ་ཞིག་ལ་ཕན་པའི་སྨན་རྣམས་ནི་ཁ་ཟས་ཀྱི་སྔོན་རྗེས་གཉིས་ཀར་བཏང་སྟེ་སྨན་ཁ་སྦྱོར་གྱི་དབུས་སུ་སྨན་གྱིས་ཁ་ཟས་བཏུམས་པའམ་མནན་ཐབས་ཀྱིས་གཏོང་བའོ། ། 10 .མཚན་མོ་ཉལ་ཁའི་དུས་སུ་གཏོང་དགོས་པ་ནི། ནམ་ཚོང་ཡན་ཆད་ལ་གནས་པའི་ནད་རིགས་རྣམས་ལ་ཕན་པའི་སྨན་ནི་མཚན་མོ་ཉལ་ཁའི་དུས་སུ་གཏོང་བ་བཅས་དེ་ལྟར་སྨན་གྱི་གཏོང་ཚུལ་མི་འདྲ་བ་ཡོད་པ་རྣམས་ལེགས་པར་ཤེས་དགོས་པ་ཡིན། འོན་ཀྱང་ནད་གཞི་དང་གནས་དང་ལྡང་དུས་ལ་སོགས་པར་བརྟག་ཅིང་དཔྱད་ནས་གང་ལ་གང་དགོས་ཤེས་པར་བྱེད་དགོས་པ་ཡིན་ཀྱང་དེ་ལྟར་མི་སྦྱོར་བར་ནད་རྣམས་ཀུན་ལ་ཞུ་དུས་ཁོ་ན་གཏོང་བ་སྟེ། ཕྱི་རྒྱུད་ཕྱི་ས་མའི་ལེའུར་བཤད་པའི་ཟས་ཞུ་སྨན་ལ་སྨན་ཞུ་ཟས་བཏང་གཅེས་ཞེས་པའི་རིག་པ་ཁོ་ན་ལ་བརྟེན་ནས་སྨན་གཏོང་བ་དེ་རྣམས་ནི་ཐོས་པས་དབེན་ཞིང་གཞུང་ལུགས་ཇི་ལྟ་བ་བཞིན་མི་ཤེས་པའི་སྨན་པ་རྨོངས་པ་རྣམས་ཀྱི་ལུགས་ཡིན་ཏེ། དེས་ནད་དང་སྨན་གཉིས་ཕན་ཚུན་འཛོལ་བར་འགྱུར་བའི་ཕྱིར་ན་གཉེན་པོ་རྣམས་ནད་ཐོག་ཏུ་ཇི་བཞིན་མི་འབབ་ཅིང་ཕན་པར་དཀའ་བའི་ཕྱིར་ཇི་སྐད་བཤད་པའི་བཏང་ཚུལ་བཅུ་པོ་ཕན་ཚུན་མ་འདྲེས་ཤིང་རང་རང་གི་དུས་ལས་ཀྱང་མ་འདས་པར་བྱས་ན་དེས་རྡེའུ་མང་པོའི་དཀྱིལ་ནས་བཟུང་དགོས་པའི་རྡེའུ་དེ་ངོས་འཛིན་ཐུབ་པ་དང་འདྲ་བ་དམིགས་པ་གང་ལ་དམིགས་པ་དེ་རང་གི་ཐོག་ཏུ་གཉན་པོ་རྣམས་ཀྱང་འབབ་པར་འགྱུར་བ་ཡིན་པས་ན་སྨན་གཏོང་བའི་ཚུལ་ཐམས་ཅད་ལ་ཡང་བསླབ་ཅིང་འདྲིས་པར་བྱ་དགོས་པ་ཡིན་ནོ། །

Tibetan Source 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་》དེབ་དང་པོ་ཤ་643.21ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number