9463

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཚུལ་ཁྲིམས་ཀྱི་སྡོམ་པ་ཡོངས་སུ་དག་པའི་ཕན་ཡོན་བཅུ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ།

1. འདི་ལ་སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི། བདག་ཉིད་ཀྱི་ཚུལ་ཁྲིམས་ལ་རྣམ་པར་དག་པ་ལ་སོ་སོར་རྟོག་པ་ན་འགྱོད་པ་མེད་པ་ཐོབ་པར་འགྱུར་རོ། ། འགྱོད་པ་མེད་ན་མཆོག་ཏུ་དགའ་བར་འགྱུར་རོ། ། སེམས་མཆོག་ཏུ་དགའ་བ་ལ་དགའ་བ་སྐྱེའོ། ། ཡིད་དགའ་བས་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ། ། ལུས་ཤིན་ཏུ་སྦྱངས་པས་བདེ་བ་མྱོང་བར་བྱེད་དོ། ། བདེ་བར་གྱུར་པའི་སེམས་མཉམ་པར་འཇོག་གོ ། སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཐོང་ངོ་། ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཐོང་ན་སྐྱོ་བར་འགྱུར་རོ། ། སྐྱོ་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། ། འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ། ། རྣམ་པར་གྲོལ་བ་ན་བདག་རྣམ་པར་གྲོལ་ལོ་སྙམ་པའི་ཡེ་ཤེས་དང་། མཐོང་བ་འབྱུང་བ་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་འགྱུར་ཏེ། སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ། ཚུལ་ཁྲིམས་རྣམ་པར་དག་པའི་དབང་གིས་བྱུང་ལ། འགྱོད་པ་མེད་པའི་རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་བའི་བར་དག་ཐོབ་པར་འགྱུར་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་དང་པོ་ཡིན་ནོ། ། 2. སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི། འཆི་བའི་དུས་ལ་བབ་པར་གྱུར་པ་དེའི་ཚེ། ཀྱེ་མ་བདག་གི་ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་ནི་བྱས་སོ། ། ཀྱེ་མ་བདག་གི་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་ནི་མ་བྱས་ཏེ། དེའི་ཕྱིར་བདག་ཤི་འཕོས་ནས་ཀྱང་། བསོད་ནམས་བྱས་པ་རྣམས་དང་། དགེ་བ་བྱས་པ་རྣམས་དང་། འཇིགས་ཤིང་སྐྲག་པར་འགྱུར་བའི་སྐྱབས་བྱས་པ་རྣམས་ཀྱང་། འགྲོ་བ་གང་ཡིན་པའི་འགྲོ་བ་དེར་འགྲོ་བར་འགྱུར་རོ་སྙམ་ནས། བདེ་འགྲོར་འགྲོ་བའི་ཕྱིར་འགྱོད་པ་མེད་པ་གཉིས་པ་ཡང་ཐོབ་པར་འགྱུར་རོ། ། སྐྱེས་བུ་གང་ཟག་འགྱོད་པ་མེད་པར་འགྱུར་བའི་འཆི་བ་ནི་བཟང་བ་ཡིན། དུས་བྱེད་པ་ནི་བཟང་བ་ཡིན། ཚེ་ཕྱི་མ་ཡང་བཟང་བ་ཡིན་ཏེ་དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་གཉིས་པ་ཡིན་ནོ། ། 3. སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དགེ་བ་བསྔགས་པ་སྙན་པ་གྲགས་པའི་སྒྲའི་ཚོགས་གྲགས་པར་འགྱུར་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་གསུམ་པ་ཡིན་ནོ། ། 4. སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི། ཡོངས་སུ་གདུང་བ་མེད་པའི་ལུས་དང་སེམས་ཀྱིས་བདེ་བར་གཉིད་ཀྱིས་ལོག་ཅིང་། བདེ་བར་སད་པར་འགྱུར་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་བཞི་པ་ཡིན་ནོ། ། 5. སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི། གཉིད་ལོག་པ་ན་ཡང་ལྷ་རྣམས་སྲུང་བར་འགྱུར་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་ལྔ་པ་ཡིན་ནོ། ། 6. སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི། སྡིག་པའི་བག་ཚ་བ་མེད་ཅིང་། འཇིགས་པ་ཡང་མེད། ཡིད་ཀུན་ཏུ་དང་བ་ཡང་མེད་དེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་དྲུག་པ་ཡིན་ནོ། ། 7. སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི། གསོད་པ་རྣམས་དང་ཕྱིར་རྒོལ་བ་རྣམས་དང་། དགྲ་བོ་རྣམས་ཀྱིས་གླགས་ཤིང་རྙེད་པར་གྱུར་ན་ཡང་། ཀྱེ་མ་སྐྱེས་བུ་གང་ཟག་འདི་ནི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ་སྙམ་དུ་རིག་ནས་སྲུང་བར་བྱེད་ཅིང་། མཛའ་བཤེས་ཉིད་དང་། ཐ་མལ་པར་གནས་པ་ཉིད་དུ་འགྱུར་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་བདུན་པ་ཡིན་ནོ། ། 8. སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི། གནོད་སྦྱིན་དང་མི་མ་ཡིན་པ་གདུག་པ་གཉུག་མར་གནས་པ་རྣམས་ཀྱིས་གླགས་རྙེད་ཅིང་སྐབས་ཤིག་རྙེད་པར་གྱུར་ན་ཡང་། འདི་ལྟ་སྟེ། ཚུལ་ཁྲིམས་དེ་ཉིད་ཀྱི་དབང་དུ་བྱས་ནས་བསྲུང་བར་འགྱུར་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་བརྒྱད་པ་ཡིན་ནོ། ། 9. སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ནི། ཚུལ་ཁྲིམས་ཀྱི་གཞིའི་རྒྱུས་གཞན་དག་ལས་འདི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་ཀྱི་རྙེད་པ་དང་ཆོས་ཀྱི་ཚེགས་ཆུང་ངུས་འཐོབ་པར་འགྱུར་ཞིང་། རྒྱལ་པོ་རྣམས་དང་། བློན་པོ་རྣམས་དང་། གྲོང་མི་རྣམས་དང་། ལྗོངས་ཀྱི་མི་རྣམས་དང་། ཕྱུག་པོ་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་ཀྱང་བཀུར་སྟིར་བྱེད། བླ་མར་བྱེད་པར་འགྱུར་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་དགུ་པ་ཡིན་ནོ། ། 10 .སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་དག་འདི་ལྟ་སྟེ། ཚུལ་ཁྲིམས་དག་རྣམ་པར་དག་པར་གྱུར་པའི་ཕྱིར། སྨོན་ལམ་ཐམས་ཅད་ཡང་དག་པར་འགྲུབ་པར་འགྱུར་ཏེ། གལ་ཏེ་འདོད་པའི་ཁམས་སུ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་ལྟ་བུ་རྣམས་སམ། ཁྱིམ་བདག་ཀྱི་རིགས་ཤིང་སཱ་ལ་ཆེན་ལྟ་བུ་རྣམས་སམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སམ། སུམ་ཅུ་རྩ་གསུམ་པའི་རྣམས་སམ། འཐབ་བྲལ་བ་རྣམས་སམ། དགའ་ལྡན་པ་རྣམས་སམ། འཕྲུལ་དགའ་བ་རྣམས་སམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ མཉམ་པ་ཉིད་དུ་སྐྱེ་བར་འདོད་ན་ཡང་། འདི་ལྟ་སྟེ། ཚུལ་ཁྲིམས་རྣམ་པར་དག་པའི་ཕྱིར་སྐྱེ་བར་འགྱུར་རོ། ། གལ་ཏེ་ཨེ་མ་ཧོ། ཀྱེ་མ་བདག་བསམ་གཏན་རྣམས་ལ་སྙོམས་པར་ཞུགས་ཏེ། ཚེ་འདི་ལ་བདེ་བར་གནས་པར་བྱ་ཞིང་གཟུགས་སུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་སྐལ་པ་མཉམ་པ་ཉིད་དུ་སྐྱེ་བར་བྱའོ་ཞེས་འདོད་པར་གྱུར་ན་ཡང་གནས་ཤིང་སྐྱེ་བར་འགྱུར་ཏེ། དེ་ཡང་ཚུལ་ཁྲིམས་དང་ལྡན་ཞིང་འདོད་ཆགས་དང་བྲལ་བའི་སྨོན་ལམ་ནི་ཡང་དག་པར་འགྲུབ་བོ། ། གལ་ཏེ་གཟུགས་ལས་ཡང་དག་པར་འདས་ཏེ། གཟུགས་མེད་པའི་ཞི་བའི་རྣམ་པར་ཐར་པ་གང་ཡིན་པ་སྟེ། གནས་པར་བྱ་ཞིང་གཟུགས་མེད་པར་ཉེ་བར་འགྲོ་བའི་ལྷ་རྣམས་དང་སྐལ་པ་མཉམ་པ་ཉིད་དུ་སྐྱེ་བར་བྱའོ་ཞེས་འདོད་པར་གྱུར་ན་ཡང་གནས་ཤིང་སྐྱེ་བར་འགྱུར་རོ། ། གལ་ཏེ་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པའི་དབྱིངས་རྟོགས་པར་གྱུར་ཅིག་ཅེས་འདོད་པར་གྱུར་ན་ཡང་རྟོགས་པར་འགྱུར་ཏེ། དེ་ཡང་ཚུལ་ཁྲིམས་རྣམ་པར་དག་ཅིང་ཐམས་ཅད་དུ་འདོད་ཆགས་དང་བྲལ་བ་སྟེ། དེ་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་བཅུ་པ་ཡིན་ནོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཛི་པ་》ཤ་24ན་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number