9472

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཚུལ་ཁྲིམས་ཉམས་པར་འགྱུར་བའི་རྒྱུ་བཅུ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ།

1. དང་པོ་ཉིད་ནས་ཉེས་པར་བླངས་པ་ནི། འདི་ལྟར་འདི་ན་ལ་ལ་རྒྱལ་པོས་གཙེས་སམ། ཆོམ་རྐུན་གྱིས་གཙེས་སམ། བུ་ལོན་གྱིས་ཉམ་ཐག་པའམ། འཇིགས་པས་ཉམ་ཐག་པའམ། མི་འཚོ་བས་འཇིགས་ཤིང་སྐྲག་པའི་ཕྱིར་རབ་ཏུ་བྱུང་གི། དགེ་སྦྱོང་གི་ཕྱིར་མ་ཡིན། བྲམ་ཟེའི་ཕྱིར་མ་ཡིན། བདག་གདུལ་བར་བྱ་བའི་ཕྱིར་མ་ཡིན། བདག་ཞི་བར་བྱེད་པའི་ཕྱིར་མ་ཡིན། བདག་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་མ་ཡིན་པ་སྟེ། དེ་ལྟར་ན་དང་པོ་ཉིད་ནས་ཉེས་པར་བླངས་པ་ཡིན་ནོ། ། 2. ཧ་ཅང་ཞུམ་པ་ནི། འདི་ལྟར་འདི་ན་ལ་ལ་བསླབ་པའི་གཞི་རྣམས་ལ་ངོ་ཚ་མེད་པ་དང་། འགྱོད་ཆུང་བ་དང་ལྷོད་ཅིང་གཡེལ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་ཧ་ཅང་ཞུམ་པ་ཡིན་ནོ། ། 3. ཐལ་ཆེས་པ་ནི། འདི་ལྟར་འདི་ན་ལ་ལ་ཉེས་པར་གཟུང་བ་འཛིན་ཅིང་གནས་མ་ཡིན་པ་འགྱོད་པར་བྱེད་དེ། དེ་འགྱོད་པ་བྱེད་པའི་གནས་མ་ཡིན་པ་དག་ལ་འགྱོད་པར་བྱེད་པ་ན་གནས་མ་ཡིན་པ་གཞན་དག་ལ་མནར་བའི་སེམས་སམ། ཀུན་ནས་མནར་སེམས་ཀྱི་སེམས་སྐྱེད་པར་བྱེད་པ་དང་། གོ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་ཐལ་ཆེས་པ་ཡིན་ནོ། ། 4. བག་མེད་པ་དང་། ལེ་ལོས་ཡོངས་སུ་ཟིན་པ་ནི། འདི་ལྟར་འདི་ན་ལ་ལ་འདས་པའི་དུས་ལ་བརྟེན་ནས། ལྟུང་བ་འབྱུང་བ་གང་ཡིན་པ་དེ་ཡང་། དེ་བརྗེད་ངས་པར་གྱུར་པས་འགའ་ཡང་ཆོས་བཞིན་དུ་ཕྱིར་མ་བྱས་པ་དང་། འདས་པའི་དུས་ལ་བརྟེན་ནས་ཇི་ལྟ་བ་བཞིན་དུ་མ་འོངས་པ་དང་། ད་ལྟར་གྱི་དུས་ལ་བརྟེན་ནས་ལྟུང་བ་འབྱུང་བ་གང་ཡིན་པ་དེ་ཡང་བརྗེད་ངས་པར་གྱུར་པས། འགའ་ཡང་ཆོས་བཞིན་དུ་ཕྱིར་མ་བྱས་པ་དང་། ལྟུང་བ་མ་བྱུང་བའི་སྔ་རོལ་ནས་ཀྱང་ཕྱིས་ལྟུང་བ་འབྱུང་བར་མི་འགྱུར་བར་བྱ་བའི་ཕྱིར། བདག་གིས་ཇི་ལྟ་ཇི་ལྟར་སྤྱད་ཅིང་། ཇི་ལྟ་ཇི་ལྟར་གནས་ན། ཕྱིས་ལྟུང་བ་འབྱུང་བར་མི་འགྱུར་བ་དེ་ལྟ་དེ་ལྟར་སྤྱད་ཅིང་དེ་ལྟར་གནས་པར་བྱའོ་ཞེས་སྤྲོ་བ་ཤས་ཆེ་བ་སྐྱེ་བར་མི་འགྱུར་བ་དག ཅི་ནས་ཀྱང་ལྟུང་བ་འབྱུང་བར་འགྱུར་བ། དེ་ལྟར་སྤྱོད་ཅིང་གནས་པར་བྱེད་ཅིང་། དེ་སྔོན་གྱི་མཐའ་དང་ལྡན་པ་དང་། ཕྱི་མའི་མཐའ་དང་ལྡན་པ་དང་། དབུས་ཀྱི་མཐའ་དང་ལྡན་པ་དང་། སྔོན་གྱི་དུས་སུ་བྱ་བ་དང་། རྗེས་སུ་འཇུག་པ་དེས་བག་མེད་པ་དང་ལྡན་པ་དང་ལྡན་པ་ཡིན་ཞིང་། གཉིད་ཀྱི་བདེ་བ་དང་། ཉལ་བའི་བདེ་བ་དང་། གློས་འབེབས་པའི་བདེ་བ་བདག་གིར་བྱེད་པ་དང་། མི་མཁས་པ་དང་ལེ་ལོ་ཅན་དང་། སྒྲུབ་མི་ཕོད་པ་ཡིན་ཞིང་། ཚངས་པར་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ། ལུས་ཀྱི་ཞལ་ཏ་བྱ་བའི་བྱེད་པ་པོ་མ་ཡིན་པ་སྟེ། དེ་ལྟ་དེ་ལྟར་བག་མེད་པ་དང་ལེ་ལོས་ཡོངས་སུ་ཟིན་པ་ཡིན་ནོ། ། 5. ལོག་པར་སྨོན་པ་ནི། འདི་ལྟར་འདི་ན་ལ་ལ་བདག་ཚུལ་ཁྲིམས་སམ། བརྟུལ་ཞུགས་དང་། དཀའ་ཐུབ་དང་། ཚངས་པར་མཚུངས་པར་སྤྱོད་པ་ལ་གནས་པ་འདིས་ལྷའམ། ལྷ་གང་ཡང་རུང་བ་དག་ཏུ་གྱུར་ཅིག་ཅེས་སྨོན་ནས། ཚངས་པར་སྤྱོད་པ་སྤྱོད་པར་བྱེད་པ་དང་། རྙེད་པ་དང་བཀུར་སྟེ་འདོད་དེ། གཞན་དག་ལས་རྙེད་པ་དང་བཀུར་སྟེ་སྒྲུབ་པར་བྱེད་ཅིང་། རྙེད་པ་དང་བཀུར་སྟི་ལ་དགའ་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་ལོག་པར་སྨོན་པ་ཡིན་ནོ། ། 6. ཆོ་ག་ཉམས་པས་ཡོངས་སུ་ཟིན་པ་ནི། འདི་ལྟར་འདི་ན་ལ་ལ་སྤྱོད་ལམ་མམ། འཕྲལ་གྱི་བྱ་བའམ། དགེ་བའི་ཕྱོགས་ཀྱི་སྦྱོར་བ་ལ་བརྟེན་ནས། འཇིག་རྟེན་དང་འགལ་བ་དང་འདུལ་བ་དང་འགལ་བའི་ཆོ་ག་སྔར་བཤད་པ་ལྟ་བུ་དང་ལྡན་པ་སྟེ། དེ་ལྟར་ན་ཆོ་ག་ཉམས་པས་ཡོངས་སུ་ཟིན་པ་ཡིན་ནོ། ། 7. འཚོ་བ་ཉམས་པས་ཡོངས་སུ་ཟིན་པ་ནི། འདི་ལྟར་འདི་ན་ལ་ལ་འདོད་ཆེན་ཆེ་བ་དང་། ཆོ་ག་མི་ཤེས་པ་དང་། གསོ་དཀའ་བ་དང་། དགང་དཀའ་བའི་རང་བཞིན་ཅན་ཡིན་ལ། དེ་ལ་ཆོས་མ་ཡིན་པས་ཆོས་གོས་ཡོངས་སུ་ཚོལ་བར་བྱེད་ཅིང་། ཆོས་ཀྱི་མ་ཡིན་པ་དང་། ཆོས་མི་ཡིན་པས་བསོད་སྙོམས་དང་མལ་ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་ཡོངས་སུ་ཚོལ་བར་བྱེད་ཅིང་། ཆོས་ཀྱི་མ་ཡིན་པ་ལ་སོགས་པ་དེ་དག་ནི་འཚོ་བ་ཉམས་པས་ཡོངས་སུ་ཟིན་པ་ཡིན་ནོ། ། 8. མཐའ་གཉིས་སུ་ལྷུང་བ་ནི། འདི་ལྟར་འདི་ན་ལ་ལ་འདོད་པའི་བསོད་སྙོམས་ལ་རྗེས་སུ་བརྩོན་པར་བྱེད་དེ། ཆོས་སམ་ཆོས་མ་ཡིན་པས་གཞན་དག་ལས་ཐོབ་པའི་ཆོས་གོས་དང་བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་དེ་དག་ལ་ལྷག་པར་ཆགས་པ་ཡོངས་སུ་སྤྱོད་པར་བྱེད་ཅིང་། ཉེས་དམིགས་སུ་མི་ལྟ་ལ། ངེས་པར་འབྱུང་བ་རབ་ཏུ་མི་ཤེས་པ་ཡིན་ཏེ། དེ་ནི་མཐའ་གཅིག་ཅེས་བྱའོ། ། གཞན་ཡང་འདི་ན་ལ་ལ་བདག་ཉིད་ངལ་བ་ལ་རྗེས་སུ་བརྩོན་པར་བྱེད་དེ། རྣམ་གྲངས་དུ་མར་བདག་ཉིད་ཀུན་ཏུ་གདུང་བར་བྱེད་ཅིང་ཡོངས་སུ་གདུང་བར་བྱེད་ལ། དཀའ་ཐུབ་དྲག་པོ་དག་ཀྱང་ཡང་དག་པར་ལེན་པར་བྱེད་དེ། འདི་ལྟ་སྟེ། ཚེར་མའི་ནང་ན་ཉལ་བའམ། ཐལ་བའི་ནང་ན་ཉལ་བའམ། གཏུན་བུ་ལ་སྙེས་པའམ། སྤང་ལེབ་ཀྱི་སྟེངས་སུ་ཉལ་བའམ། ཙོག་པུར་འདུག་ཅིང་ཙོག་པུ་ནི་སྤོང་བའི་སྦྱོར་བ་ཡིན་ནོ་ཞེས་རྗེས་སུ་བརྩོན་པར་བྱེད་པའམ། མེ་ལ་ཡོངས་སུ་སྤྱོད་པར་བྱེད་དེ། ལན་གསུམ་གྱི་བར་དུ་ཡང་མེ་ལ་ཡོངས་སུ་སྤྱོད་པར་བྱེད་པའམ། ཆུར་འཇུག་པར་བྱེད་དེ་། ལན་གསུམ་གྱི་བར་དུ་ཡང་ཆུར་ལྷག་པར་འཇུག་པར་བྱེད་པའམ། རྐང་པ་ཡ་གཅིག་གིས་འགྲེང་ཞིང་ཉི་མ་གང་ན་བ་དེ་ལོགས་སུ་ཡོངས་སུ་འགྱུར་བར་བྱེད་པའམ། གང་དེ་ལྟ་བུ་ལ་སོགས་པས་བདག་ཉིད་ངལ་བ་ལ་རྗེས་སུ་བརྩོན་པར་བྱེད་པ་དེ་ནི་མཐའ་གཉིས་པ་ཞེས་བྱ་སྟེ། འདི་ལྟར་ན་མཐའ་གཉིས་སུ་ལྟུང་བ་ཡིན་ནོ། ། 9. ངེས་པར་འབྱུང་བ་མ་ཡིན་པ་ནི། འདི་ལྟར་འདི་ན་ལ་ལ་དག་ཚུལ་ཁྲིམས་སམ། བརྟུལ་ཞུགས་འདི་ཁོ་ནས་དག་པ་དང་གྲོལ་བ་དང་། ངེས་པར་འབྱུང་བར་འགྱུར་རོ་ཞེས་ཚུལ་ཁྲིམས་སམ། བརྟུལ་ཞུགས་ཀྱི་ལྟ་བ་མཆོག་ཏུ་འཛིན་པར་བྱེད་པར་བྱེད་དེ། འདི་ལས་ཕྱི་རོལ་པ་རྣམས་ཀྱི་ཚུལ་ཁྲིམས་ཐམས་ཅད་ནི་དེ་ལྟ་བུའི་རྣམ་པར་དག་པས་ཤིན་ཏུ་བསྲུངས་ཤིང་། ཤིན་ཏུ་རྣམ་པར་དག་པས་ཀྱང་ངེས་པར་འབྱུང་བ་མ་ཡིན་པ་ཞེས་བྱ་སྟེ། དེ་ལྟར་ན་ངེས་པར་འབྱུང་བ་མ་ཡིན་པ་ཡིན་ནོ། ། 10 .ཡང་དག་པར་བླངས་པ་ཡོངས་སུ་ཉམས་པ་ནི། འདི་ལྟར་འདི་ན་ལ་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ངོ་ཚ་མེད་ཅིང་དགེ་སྦྱོང་ལ་མི་ལྟ་བ་ཡིན་ཏེ། དེ་ལ་ཚུལ་ཁྲིམས་འཆལ་པ་དང་། སྡིག་པའི་ཆོས་ཅན་དང་། ནང་མྱགས་པ་དང་། ཉེས་འཛག་ཏུ་གྱུར་པ་དང་། ཤིང་རུལ་པ་ལྟ་བུར་གྱུར་པ་དང་། ལུས་བོང་ལྟ་བུར་ཀུན་ཏུ་སྤྱོད་པ་དང་། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ་དང་། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་ཆེ་བ་ཡིན་ཏེ། དེ་ལྟར་ན་ཡང་དག་པར་བླངས་པ་ལས་ཡོངས་སུ་ཉམས་པ་ཡིན་ནོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཛི་པ་》ཤ་19ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number