9679
Tibetan | ཤེས་རབ་ཕུན་སུམ་ཚོགས་པ་བཅུ། |
---|---|
Tibetan Alternate | |
Tibetan Definition | ཤེས་རབ་ཕུན་སུམ་ཚོགས་པ་བཅུ། དེ་ཡང་། འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཕུན་སུམ་ཚོགས་པ་བཅུ་སྟེ།
1. བྱང་ཆུབ་སེམས་དཔའི་བདག་མེད་པ་ལ་མཁས་པ་ནི། འདི་ལ་བྱང་ཆུབ་སེམས་དཔའ་ཡང་དག་པའི་ཤེས་རབ་ཀྱིས་གཟུགས་ལ་རྟོག བདག་ཏུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམས་ལ་རྟོག་སྟེ། དེ་གཟུགས་ལ་རྟོག་པ་ན་གཟུགས་ཀྱི་སྐྱེ་བ་མི་དམིགས། ཀུན་འབྱུང་བ་མི་དམིགས། འགག་པ་མི་དམིགས་སོ། ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་།། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྐྱེ་བ་མི་དམིགས། ཀུན་འབྱུང་བ་མི་དམིགས། འགོག་པ་མི་དམིགས་སོ། ། དེའང་དོན་དམ་པར་ཡིན་གྱི་ཐ་སྙད་ཀྱི་རང་བཞིན་ནི། མ་ཡིན་ཏེ། དེས་དོན་དམ་པའི་རང་བཞིན་གང་ཡིན་པ་དང་། ཐ་སྙད་ཀྱི་རང་བཞིན་གང་ཡིན་པའི་རང་བཞིན་དེ་གཉིས་ཀའང་བརྗོད་པའི་རང་བཞིན་མི་དམིགས་ཏེ། དེའི་ཕྱིར་བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་དེ། མགོའི་ཐོད་ལ་མེ་འབར་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་དུ་རྩོལ་ཞིང་འབད་ལ་བརྩོན་འགྲུས་རྩོམ་སྟེ། བྱང་ཆུབ་སེམས་དཔའ་བདག་མེད་པ་ལ་མཁས་པ་ཡིན་ནོ། ། 2. བྱང་ཆུབ་སེམས་དཔའ་ལས་ཀྱི་རྣམ་པར་སྨིན་པ་ལ་མཁས་པ་ནི། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་དཔྱོད་དེ། འཇིག་རྟེན་གནས་པ་འདི་ནི། གར་མཁན་གྱི་ཚོན་དང་འདྲ་བ། དྲི་ཟའི་གྲོང་ཁྱེར་ལྟ་བུ་རང་བཞིན་གྱིས་སྟོང་ལ་སེམས་ཅན་འདི་དག་ཀྱང་སེམས་ཅན་མ་ཡིན་ན། འོན་ཀྱང་བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པས་དེ་དག་དེའི་ཕྱིར་ལམ་ཁོང་དུ་ཆུད་པ་མི་འཐོབ་བོ། ། དེ་དག་ནི། འདི་སྙམ་དུ་གལ་ཏེ་བདག་གམ། སེམས་ཅན་ནམ། སྲོག་གམ། སྐྱེ་བོའམ། གསོ་བའམ། སྐྱེས་བུའམ། གང་ཟག་གམ། ཤེད་ལས་སྐྱེས་སམ།། ཤེད་བུ་མེད་ན། དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའང་མེད་པར་འགྱུར་རོ་སྙམ་དུ་སེམས་མོད་ཀྱི། སེམས་ཅན་མེད་དུ་ཟིན་ཀྱང་ལས་ཀྱི་རྣམ་པར་སྨིན་པ་ནི། མངོན་ནོ་སྙམ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་དེ་ལྟར་སེམས་ཅན་དེའང་མེད་ལ། ཇི་ལྟར་དགེ་བ་དང་།མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའང་མངོན་ཏེ་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། བྱང་ཆུབ་སེམས་དཔའ་ལས་ཀྱི་རྣམ་པར་སྨིན་པ་ལ་མཁས་པ་ཡིན་ནོ། ། 3. བྱང་ཆུབ་སེམས་དཔའ་འདུས་བྱས་ལ་མཁས་པ་ནི། འདི་ལ་བྱང་ཆུབ་སེམས་དཔའ་འདུས་བྱས་ཀྱི་ཆོས་རྣམས་ཡང་དག་པའི་ཤེས་རབ་ཀྱིས་རྟོག་པར་བྱེད་ཅིང་དེ་འདི་སྙམ་དུ་སེམས་ཏེ། འདུས་བྱས་ཀྱི་ཆོས་འདི་དག་མི་གནས་པ། གཡོ་བ་ཟིལ་པའི་ཐིགས་པ་ལྟ་བུ། རི་བོའི་འབབ་ཆུ་ལྟ་བུ་ཡིན་ཏེ། དེ་ལ་མཁས་པ་སུ་ཞིག་འདི་ལྟ་བུའི་ཆོས་རྣམས་ལ་ཞེན་པ་དང་། ཆགས་པར་བྱེད་པའམ། དེ་དག་མེད་པར་གྱུར་པས་མྱ་ངན་དུ་བྱེད་སྙམ་ནས་དེའི་ རྒྱུ། དེའི་རྐྱེན། དེའི་གཞིས་སྐྱེ་བ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་ལ་སེམས་གཏོང་སྟེ། བྱང་ཆུབ་སེམས་དཔའ་འདུས་བྱས་ལ་མཁས་པ་ཡིན་ནོ། ། 4. བྱང་ཆུབ་སེམས་དཔའ་འཁོར་བའི་རྒྱུན་ལ་མཁས་པ་ནི། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་དཔྱོད་དེ། ཀྱེ་མའོ་འཇིག་རྟེན་གནས་པ་འདི་ནི། མ་རིག་པས་ལྡོངས་པ། འཁོར་བ་ལ་ཕྱོགས་ ། སྲིད་པའི་ཞགས་པས་བཅིངས་པ་སྟེ། ལེན་པ་ཉེ་བར་ལེན་ཏོ། །དེ་ལེན་པའི་རྒྱུས་དགེ་བ་དང་། མི་དགེ་བའི་ལས་མངོན་པར་འདུ་བྱེད་དེ། དེ་དགེ་བ་དང་། མི་དགེ་བའི་ལས་མངོན་པར་འདུ་བྱེད་པ་དང་ལྡན་པས་སྲིད་པར་ཡང་མཚམས་སྦྱོར་བར་འགྱུར་ཏེ། དེའི་རྒྱུ་ལས་སྐྱེ་བར་འགྱུར་རོ། །སྐྱེ་བ་ཡོད་པས་རྒྱ་བར་འགྱུར་རོ། ། རྒྱ་བའི་ཆོས་ཅན་ནི། འཆི་བར་འགྱུར་རོ། ། འཆི་བ་ལས་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྒྱུན་ཆགས་པ་ཉིད་དུ་འགྱུར་ཏེ། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་དེ་ཟོ་ཆུན་ཁྱུད་མོའི་འཁོར་ལོ་ལྟར་འཁོར་བའི་འཁོར་ལོའི་རྒྱུད་དུ་འགྱུར་རོ་སྙམ་སྟེ། དེའང་བྱང་ཆུབ་སེམས་དཔས་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། བྱང་ཆུབ་སེམས་དཔའ་འཁོར་བའི་རྒྱུན་ལ་མཁས་པ་ཡིན་ནོ། ། 5. བྱང་ཆུབ་སེམས་དཔའ་འཁོར་བ་ལྡོག་པ་ལ་མཁས་པ་ནི། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་དཔྱོད་དེ།མ་རིག་པ་མེད་པར་གྱུར་པས་འདུ་བྱེད་ལ་ཞེན་པར་མི་འགྱུར། འདུ་བྱེད་ལ་ཞེན་པ་མེད་པར་གྱུར་པས་རྣམ་པར་ཤེས་པར་མི་འགྱུར། རྣམ་པར་ཤེས་པ་མེད་པར་གྱུར་པས་མིང་དང་གཟུགས་དང་།སྐྱེ་མཆེད་དྲུག་དང་།རེག་པ་དང་། ཚོར་བ་དང་། སྲེད་པ་མེད་པར་འགྱུར་རོ། ། སྲེད་པ་མེད་པར་གྱུར་པས་ལེན་པ་མི་འབྱུང་སྟེ། ལེན་པ་མེད་པས་སྲིད་པར་ཡང་མཚམས་སྦྱོར་བ་མེད་པར་འགྱུར། སྲིད་པར་ཡང་མཚམས་སྦྱོར་བ་མེད་པར་གྱུར་པས། །སྐྱེ་བར་མི་འགྱུར། སྐྱེ་བ་མེད་པར་གྱུར་པས་རྒ་ཤི་དང་། མྱ་ངན་དང་། ། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་ དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་རྒྱུན་ཆད་པར་འགྱུར་ཏེ། དེའང་བྱང་ཆུབ་སེམས་དཔའ་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། བྱང་ཆུབ་སེམས་དཔའ་འཁོར་བ་ལྡོག་པ་ལ་མཁས་པ་ཡིན་ནོ། ། 6. བྱང་ཆུབ་སེམས་དཔའ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་མཁས་པ་ནི། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་དཔྱོད་དེ། ཆོས་འདིས་ནི། རྒྱུན་དུ་ཞུགས་པར་འགྱུར་རོ། ། ལན་གཅིག་ཕྱིར་འོང་བར་འགྱུར་རོ། ། ལན་གཅིག་ཕྱིར་མི་འོང་བར་འགྱུར་ཏེ། འདིས་ནི། དགྲ་བཅོམ་པ་ཟག་པ་ཟད་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཆད་པའང་མཚམས་སྦྱོར་བ་མེད་པ། མྱ་ངན་ལས་འདས་པ་ལ་ཡང་དག་པར་གཞོལ་བར་འགྱུར་རོ། ། ཆོས་འདིས་ནི།རང་སངས་རྒྱས་བསེ་རུ་ལྟ་བུ་གཅིག་པུ་སྤྱོད་པར་འགྱུར་རོ་སྙམ་སྟེ། དེ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཡང་དག་པའི་ཤེས་རབ་ཀྱིས་རབ་ཏུ་རྟོགས་པར་བྱེད་དེ། ཆོས་འདི་དག་མངོན་དུ་མི་བྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་གྱི་ཁམས་བདག་གིས་བཟུང་བདག་གིས་སེངྒེའི་སྒྲ་བས་ཏེ་སེམས་ཅན་འཁོར་བའི་འབྲོག་དགོན་པ་ན་གནས་པ་ཐམས་ཅད་སྒྲོལ་ལོ། ། ཞེས་དམ་བཅས་ལ། གཅིག་པུ་འཁོར་བའི་འབྲོག་དགོན་པ་ནས་འབྱུང་བ་ནི། བདག་གི་མི་ཆའོ་སྙམ་སྟེ། བྱང་ཆུབ་སེམས་དཔའ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལོ་མཁས་པ་ཡིན་ནོ། ། 7. བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་མཁས་པ་ནི། འདི་ལ་བྱང་ཆུབ་སེམས་དཔའ་བསླབ་པ་ཐམས་ཅད་ལའང་སློབ་ལ་སློབ་པའང་མི་དམིགས། བསླབ་པའི་ལམ་ཡང་མི་དམིགས་སོ། ། གང་སློབ་པ་དེའང་མི་དམིགས་སོ། ། དེའི་རྒྱུ། དེའི་རྐྱེན། དེའི་གཞིས་ཆད་པར་ལྟ་བར་མི་ལྟུང་སྟེ། བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་མཁས་པ་ཡིན་ནོ། ། 8. བྱང་ཆུབ་སེམས་དཔའ་བདུད་ཀྱི་ལས་སྤོང་བ་ལ་མཁས་པ་ནི། འདི་ལ་བྱང་ཆུབ་སེམས་དཔའི་མི་དགེ་བའི་གྲོགས་པོ་ཐམས་ཅད་དུ་ཐམས་ཅད་ཡོངས་སུ་སྤོང་སྟེ། མི་ཆ་བའི་ཡུལ་ལ་གནས་པ་དང་། འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་ལ་རྟེན་ཅིང་སྒོམ་པ་དང་། རྙེད་པ་དང་། བཀུར་སྟི་དང་། མཆོད་པ་དང་། རིམ་གྲོ་ལ་ཆེད་ཆེར་འཛིན་པ་ཐམས་ཅད་དུ་ཐམས་ཅད་ཡོངས་སུ་སྤོང་ངོ་། ། ཉེ་བའི་ཉོན་མོངས་པ་གཞན་གང་བྱང་ཆུབ་ཀྱི་ལམ་གྱི་བར་ཆད་དུ་འགྱུར་བ་དེ་དག་ཀྱང་ཐམས་ཅད་དུ་ཐམས་ཅད་ཡོངས་སུ་སྤོང་ཞིང་དེ་དག་གི་གཉེན་པོ་ལའང་སྟེན་ཏོ། ། བྱང་ཆུབ་སེམས་དཔའ་བདུད་ཀྱི་ལས་ཡོངས་སུ་སྤོང་བ་ལ་མཁས་པ་ཡིན་ནོ། ། 9. བྱང་ཆུབ་སེམས་དཔའ་མ་ལོག་པའི་ཤེས་རབ་ཅན་ནི། འདི་ལ་བྱང་ཆུབ་སེམས་དཔའ་འཇིག་རྟེན་པའི་གཙུག་ལག་དང་། གསང་ཚིག་དང་། བཟོའི་གནས་ཐམས་ཅད་ལ་ཤེས་རབ་གཏོང་སྟེ། དེའང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཏེ། ཤེས་ཀྱི་ཁེ་འདོད་པ་དང་། གྲགས་པ་འདོད་པ་དང་། རྙེད་པ་དང་། བཀུར་སྟེ་འདོད་པའི་ཕྱིར་མ་ཡིན་གྱི། དེ་བཞིན་གཤེགས་པའི་བསྟན་པའི་ཆེ་བ་ཉིད་བརྗོད་པའི་ཕྱིར་ཏེ། དེ་ལ་ཡོན་ཏན་དུ་བལྟ་བའི་ཕྱིར་ནི། མ་ཡིན་ནོ། ། གཞན་དུ་ན་དེ་འདི་སྙམ་དུ་སེམས་ཏེ། གསུང་རབ་འདི་ནི། དམ་པ་སྟེ། འདི་ལྟར་དེ་བཞིན་གཤེགས་པའི་ཆོས་འདུལ་བའོ་སྙམ་ནས་དེ་དེ་ལ་ཡོན་ཏན་དུ་ལྟ་བས་མུ་སྟེགས་ཅན་གཞན་གྱི་ལྟ་བ་ཅན་དུ་མི་འོགྱུར་ཏེ། བྱང་ཆུབ་སེམས་དཔའ་མ་ལོག་པའི་ཤེས་རབ་ཅན་ཡིན་ནོ། 10 . བྱང་ཆུབ་སེམས་དཔའ་མཉམ་པ་མེད་པའི་ཤེས་རབ་ཅན་ནི། འདི་ལ་བྱང་ཆུབ་སེམས་དཔའ་ལྷ་དང་བཅས་པའི་འཇིག་རྟེན་བདུད་དང་བཅས་པ། ཚངས་པ་དང་བཅས་པ། སྐྱེ་རྒུའི་དགེ་སྦྱོང་དང་བྲམ་ཟེར་བཅས་པ། ལྷ་དང་།་མི་དང་།། ལྷ་མ་ཡིན་དུ་བཅས་པའི་ནང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་གཏོགས་པར་གང་དེ་དང་ཤེས་རབ་མཉམ་པ་དེ་ལྟ་བུའི་སེམས་ཅན་གྱི་རིས་ལ་མེད་དེ། དེ་ནི། འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། སྐྱེ་རྒུའི་དགེ་སྦྱོང་དང་བྲམ་ཟེར་བཅས་པ། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་ནང་ན་ཤེས་རབ་ཀྱི་བྱེ་བྲག་གིས་ཟིལ་གྱིས་མནན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་མཉམ་པ་མེད་པའི་ཤེས་རབ་ཅན་ཡིན་ནོ། ། |
Tibetan Source | 《མདོ་ཚ་པ་》ཤ་39བ་6ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |