9861

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལྷ་མོ་དཔལ་ཕྲེང་གི་ཡིད་དམ་ཆེན་པོ་བླངས་པ་བཅུ།
Tibetan Alternate
Tibetan Definition དེ་ཡང་། དཀོན་བརྩེགས་འཕགས་པ་ལྷ་མོ་དཔལ་ཕྲེང་གི་སེང་གེའི་སྒྲ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ།

1. ད་སླན་ཆད་བདག་གིས་ཚུལ་ཁྲིམས་ཀྱི་དུས་ལས་འདའ་བའི་སེམས་བསྐྱེད་པར་མི་བགྱི་སྟེ། ཡིད་དམ་དང་པོ་འདི་བྱང་ཆུབ་སྙིང་པོའི་མཐར་ཐུག་གི་བར་དུ་བདག་གིས་ཡང་དག་པར་བླང་ངོ་། ། 2. ད་སླན་ཆད་བདག་གིས་བླ་མ་ལ་མ་གུས་པའི་སེམས་བསྐྱེད་པར་མི་བགྱི་སྟེ། ཡིད་དམ་གཉིས་པ་འདི་ཡང་བྱུང་ཆུབ་སྙིང་པོའི་མཐར་ཐུག་གི་བར་དུ་བདག་གིས་ཡང་དག་པར་བླང་ངོ་། ། 3. ད་སླན་ཆད་བདག་གིས་གང་དུའོང་སེམས་ཅན་ལ་ཁྲོ་བ་དང་གནོད་སེམས་ཀྱི་སེམས་བསྐྱེད་པར་མི་བགྱི་སྟེ། ཡིད་དམ་གསུམ་པ་འདི་ཡང་བྱང་ཆུབ་སྙིང་པོའི་མཐར་ཐུག་གི་བར་དུ་བདག་གིས་ཡང་དག་པར་བླང་ངོ་། ། 4. ད་སྤྱན་ཆད་བདག་གིས་གཞན་གྱི་དཔལ་དང་། གཞན་གྱི་ཕུན་སུམ་ཚོགས་པ་དག་ལ་ཕྲག་དོག་གི་སེམས་བསྐྱེད་པར་མི་བགྱི་སྟེ། ཡིད་དམ་བཞི་པ་འདི་ཡང་བྱང་ཆུབ་སྙིང་པོའི་མཐར་ཐུག་གི་བར་དུ་བདག་གིས་ཡང་དག་པར་བླང་ངོ་། ། 5. ད་སླན་ཆད་བདག་གིས་ཐ་ན་ཁམ་སླང་མ་ཙམ་ལ་ཡང་སེར་སྣའི་སེམས་བསྐྱེད་པར་མི་བགྱི་སྟེ། ཡིད་དམ་ལྔ་པ་འདི་ཡང་བྱང་ཆུབ་སྙིང་པོའི་མཐར་ཐུག་གི་བར་དུ་བདག་གིས་ཡང་དག་པར་བླང་ངོ་། ། 6. ད་སླན་ཆད་བདག་གིས་བདག་ཉིད་ཀྱི་ལོངས་སྤྱོད་པའི་སླད་དུ་ནོར་ཡོངས་སུ་བཟུང་བར་མི་བགྱི་སྟེ། སེམས་ཅན་དབུལ་པོ་སྡུག་བསྔལ་ཞིང་མགོན་མ་མཆིས་པ་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་ཡོངས་སུ་བཟུང་བར་འཚོལ་ཏེ། ཡིད་དམ་དྲུག་པ་འདི་ཡང་བྱང་ཆུབ་སྙིང་པོའི་མཐར་ ཐུག་གི་བར་དུ་བདག་གིས་ཡང་དག་པར་བླང་ངོ་། ། 7. ད་སླན་ཆད་བདག་གིས་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་ལ་ཕན་འདོགས་པ་ན་བདག་ལ་སྨན་དུ་རེ་བའི་སླད་དུ་སེམས་ཅན་བསྡུ་བར་མི་བགྱི་སྟེ། འོན་ཀྱང་ཟང་ཟིང་མ་མཆིས་པའི་སེམས་དང་། ཆོག་པར་མི་འཛིན་པ་དང་། ལྡོག་པ་མ་མཆིས་པར་སེམས་ཅན་ཡང་དག་པར་བསྡུ་བར་འཚལ་ཏེ། ཡིད་དམ་བདུན་པ་འདི་ཡང་བྱང་ཆུབ་སྙིང་པོའི་མཐར་ཐུག་གི་བར་དུ་བདག་གིས་ཡང་དག་པར་བླང་ངོ་། ། 8. ད་སླན་ཆད་བདག་གིས་སེམས་ཅན་མགོན་མ་མཆིས་པ་དང་། གོ་རར་སྩལ་བ་དང་། བཅིངས་པ་དང་། ནད་ཀྱིས་ཉམ་ཐག་པ་དང་། སྡུག་བསྔལ་བ་དང། དབུལ་པོ་དང་། ཕོངས་པར་གྱུར་པ་དང་། ཚེགས་ཆེན་པོས་འཚོ་བ་དག་མཐོང་ན་དེ་དག་ལ་སྨན་མ་བཏགས་པར་གོམ་པ་གཅིག་ཀྱང་དོར་བར་མི་བགྱིའི། བདག་གིས་སེམས་ཅན་སྡུག་བསྔལ་གྱིས་ཉམ་ཐག་པ་དེ་དག་མཐོང་ན་སྡུག་བསྔལ་དེ་དང་དེ་དག་ལས་ཡོངས་སུ་ཐར་བར་བགྱིས་ལ། ནོར་གྱིས་བསྡུ་བས་བསྒྲུབས་ནས་སླད་ཀྱི་བདག་མཆི་བར་བགྱིས་ཏེ། ཡིད་དམ་བརྒྱད་པ་འདི་ཡང་བྱང་ཆུབ་སྙིང་པོའི་མཐར་ཐུག་གི་བར་དུ་བདག་གིས་ཡང་དག་པར་བླང་ངོ་། ། 9. ད་སླན་ཆད་བདག་གིས་ཕག་ཚོང་དང་། བྱ་ལ་སོགས་པའི་སྡིག་པའི་ལས་ཀྱིས་འཚོ་ཞིང་དེ་བཞིན་གཤེགས་པའི་བཀའ་སྩལ་བའི་ཆོས་འདུལ་བ་ལས་ཉམས་པའི་ཚུལ་མཐོང་ན་ཡལ་བར་མི་འདོར་གྱི། – གྲོང་དང་། གྲོང་ཁྱེར་དང་། གྲོང་བརྡལ་དང་། རྒྱལ་པོའི་ཕོ་བྲང་འཁོར་གང་དང་གང་དག་བདག་གི་མཆིད་ཉན་པ་དེ་དང་དེད་དག་ཏུ་ཚར་དགུམ་པའི་རིགས་པ་རྣམས་ཚར་དགུམ། སྨན་གདུག་པའི་རིགས་པ་རྣམས་ནི་སྨན་གདགས་པར་འཚལ་ལོ། དེ་ཅིའི་ཕྱིར་ཞེ་ན། ཚར་དགུམ་པ་དང་།། སྨན་གདགས་པས་ནི་འཇིག་རྟེན་དུ་དམ་པའི་ཆོས་ཡུན་རིང་དུ་གནས་པར་འགྱུར་བའི་སླད་དུ་སྟེ། དམ་པའི་ཆོས་ཡུན་རིང་དུ་གནས་ན་ལྷ་དང་མི་རྣམས་ཀྱི་ལུས་རྣམ་པར་འཕེལ་བར་འགྱུར་ཞིང་། ངན་སོང་རྣམས་ཡོངས་སུ་འགྲིབ་པར་འགྱུར་ཏེ། འདི་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་སུ་བསྐོར་བར་བགྱིད་པ་ལགས་ཏེ། ཡིད་དམ་དགུ་པ་འདི་ཡང་བྱང་ཆུབ་སྙིང་པོའི་མཐར་ཐུག་གི་བར་དུ་བདག་གིས་ཡང་དག་པར་བླང་ངོ་། ། 10. ད་སླན་ཆད་བདག་གིས་དམ་པའི་ཆོས་ཡོངས་སུ་བཟུང་བ་ལས་བསྐྱུད་པར་བགྱི་བའི་སེམས་གཅིག་ཙམ་ཡང་བསྐྱེད་པར་མི་བགྱིའོ། ། དེ་ཅིའི་སླད་དུ་ཞེ་ན། དམ་པའི་ཆོས་བཟུང་བ་ལས་པ་བསྐྱུད་ན་ཐེག་པ་ཆེན་པོ་བསྐྱུད་པར་འགྱུར་རོ། ། ཐེག་པ་ཆེན་པོ་བསྐྱུད་ན། ཕ་རོལ་ཏུ་ཕྱིན་པ་བ་སྐྱུད་པར་འགྱུར་རོ། ། ཕ་རོལ་ཏུ་ཕྱིན་པ་ལས་བསྐྱུད་ན། ཐེག་པ་ཆེན་པོ་ལ་མི་འདུན་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་ཆེན་པོ་གང་ཐེག་པ་ལ་མ་ངེས་པ་དེ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་བ་མི་འདུན་པར་འགྱུར་ཞིང་། རང་ཉམ་དུ་གནས་པར་འགྱུར་ཏེ། དེ་ནི་བྱིས་པ་སོ་སོ་སྐྱེ་བོའི་སར་མཆི་བར་སྐལ་པ་ཅན་དུ་འགྱུར་ཏེ། འདི་ནི་བདག་གི་ཉེས་དམིགས་དང་། གནོད་པ་ཆེན་པོར་མཐོང་ལགས་སོ། ། དམ་པའི་ཆོས་ཡོངས་སུ་འཛིན་པ་ལས་ནི། བདག་དང་མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕན་ཡོན་དཔག་ཏུ་མ་མཆིས་པའི་དོན་ཡོངས་སུ་གྲུབ་པར་མཐོང་སྟེ། ། དམ་པའི་ཆོས་ཡོངས་སུ་བཟུང་བའི་ཡིད་དམ་བཅུ་པ་འདི་ཡང་བྱང་ཆུབ་སྙིང་པོའི་མཐར་ཐུག་གི་བར་དུ་བདག་གིས་ཡང་དག་པར་བླང་ངོ་། །

Tibetan Source 《དཀོན་བརྩེགས་ཆ་པ་》ཤ་420བ་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number