10005

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོར་དྲིལ་གྱི་མཚོན་དོན
Tibetan Definition རྡོ་རྗེས་ཐབས་བདེ་བ་ཆེན་པོའི་ཡེ་ཤེས། དྲིལ་བུས་སྟོང་ཉིད་རྟོགས་པའི་ཤེས་རབ་མཚོན། རྒྱས་པར་བཤད་ན། རྡོར་དྲིལ་གྱིས་བསྐྱེད་རྫོགས་ཀྱི་ལམ་ཡོངས་རྫོགས་མཚོན་པ་ཡིན་ཏེ། (དང་པོ་བསྐྱེད་རིམ་གྱི་ལྷ་ཡི་དཀྱིལ་འཁོར་མཚོན་ཚུལ་ལ) ༼ ཐོག་མར་རྡོ་རྗེའི་མཚོན་དོན་ནི ༽ རྡོ་རྗེས་རྡོ་རྗེ་སེམས་དཔའ་དང་། དྲིལ་བུས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་མཚོན། ཞིབ་ཏུ་བཤད་ན། རྡོ་རྗེ་ལྟེ་བས་རྡོ་རྗེ་སེམས་དཔའ། སྟེང་རྭ་ལྔས་རྣམ་སྣང་སོགས་ལྔ་སྟེ། དབུས་རྭས་རྣམ་སྣང་། ཤར་རྭས་མི་བསྐྱོད་པ། ལྷོ་རྭས་རིན་འབྱུང་། ནུབ་རྭས་འོད་དཔག་མེད། བྱང་རྭས་དོན་གྲུབ་བཅས་མཚོན་ནོ། ། (གཉིས་པ་རྫོགས་རིམ་གྱི་ལམ་མཚོན་ཚུལ་ལ) རྡོ་རྗེའི་རྩེ་མོ་ལྔས་ཡེ་ཤེས་ལྔ་ཡང་མཚོན་པར་གསུངས་ཏེ། རྗེའི་འགྲེལ་པ་བཞི་སྦྲགས་ལས། ཡེ་ཤེས་ལྔ་མཚོན་པའི་རྡོ་རྗེ་རྩེ་ལྔ་པ་ཞེས་གསུངས་པ་ལྟར་རོ། །སྟེང་གི་པད་འདབ་བརྒྱད་ཀྱིས་འཕགས་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་བྱམས་པ་སོགས་སེམས་དཔའ་བརྒྱད། (བྱང་ཆུབ་སེམས་དཔའ་བརྒྱད་ནི། པཎྜི་ཏ་སྨྲ་ཏི་ཛྙཱ་ན་ཀཱི་རྟིས་མཛད་པའི་དེ་ཁོ་ན་ཉིད་དྲུག་རྣམ་པར་བཞག་པ་ལས། དེ་འོག་པདྨ་འདབ་བརྒྱད་ལ། །བྱང་ཆུབ་སེམས་བརྒྱད་ཤེས་བྱ་སྟེ། །པདྨའི་ཕྱག་ (འདི་སྤྱན་རས་གཟིགས་ཡིན) དང་བྱམས་པ་དང་། །ནམ་མཁའ་མཛོད་དང་ཀུན་བཟང་། །ཕྱག་ན་རྡོ་རྗེ་འཇམ་དཔལ་དང་། །སྒྲིབ་སེལ་དང་ནི་ས་སྙིང་པོ། །ལྷ་རྣམས་བརྒྱད་པོ་འདི་དག་ནི། །ཇི་བཞིན་ཕྱོགས་སུ་བསྒོམ་པ་ཡིན། །ཞེས་གསུངས་པ་ལྟར་རོ) འོག་རྭ་ལྔས་མཁའ་འགྲོ་སྡེ། འོག་གི་པད་འདབ་བརྒྱད་ཀྱིས་སྒོ་མ་བཞི་དང་། སྐུལ་བྱེད་མ་སོགས་བཞི་སྟེ་ལྷ་མོ་བརྒྱད་མཚོན་ནོ། །རྡོ་རྗེ་ལ་དབྱེ་ན། རྡོ་རྗེ་རྩེ་གཅིག་པ་དང་། རྩེ་གཉིས་པ། རྩེ་གསུམ་པ། རྩེ་ལྔ་པ། རྩེ་དགུ་པ། སྣ་ཚོགས་རྡོ་རྗེ། རྒྱན་གྱི་རྡོ་རྗེ་རྣམས་སུ་ཡོད། (རྒྱན་གྱི་རྡོ་རྗེ་ནི། རྒྱན་གྱིས་ཅི་མཛེས་སུ་བྱས་པའི་རྡོ་རྗེ་ལ་ཟེར། འདི་རྒྱན་ཆས་བརྒྱན་པའི་རྡོ་རྗེ་ལ་ཟེར་བ་ཡིན་འདུག་སྙམ) ཡང་རྡོ་རྗེ་ལ་དབྱེ་ན། ཁྲོ་བོའི་རྡོ་རྗེ་དང་། (ཁྲོ་བོའི་རྡོ་རྗེ་ནི། རྡོ་རྗེ་ནག་པོ་རྭ་རྩེ་རྣམས་སོ་སོར་གདེངས་པའི་རྡོ་རྗེ་ལ་ཟེར) ཞི་བའི་རྡོ་རྗེ་གཉིས་སུ་ཡོད། (ཞི་བའི་རྡོ་རྗེ་ནི། ནམ་རྒྱུན་ཡོངས་གྲགས་ཀྱི་རྡོ་རྗེ་ལ་ཟེར) ༼ དྲིལ་བུའི་མཚོན་དོན་ནི ༽ དྲིལ་བུའི་སྟེང་གི་རྭ་ལྔའི་མཚོན་དོན་ནི་རྡོ་རྗེ་དང་འདྲ་ལ། དྲིལ་བུའི་ཞལ་གྱིས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ཉིད་ལྷ་མོའི་རྣམ་པར་ཤར་བའི་ཤེས་རབ་མ་དེ་མཚོན། དེའི་འོག་གི་བདུད་རྩིའི་བུམ་པས་བདེ་བ་དང་སྟོང་པ་དབྱེར་མེད་ཕྱེད་པ་མཚོན། དེང་སང་དྲིལ་བུ་ཕལ་མོ་ཆེར་དྲིལ་ཞལ་གྱི་འོག་ཏུ་བུམ་པའམ་བུམ་པའི་དོད་བུག་པ་མི་སྣང་བ་ནི་ཆད་སྐྱོན་ཡིན། བུམ་པའི་དོད་དུ་བུག་པ་ཡོད་པའི་དྲིལ་བུ་ལ་ཕྱི་དྲིལ་ཟེར། ཕྱི་དྲིལ་ནི་ཡོ་གའི་བཤད་རྒྱུད་རྡོ་རྗེ་རྩེ་མོ་ནས་གསུངས་པར་བཤད། དེའི་འོག་གི་དབྱུ་གུས་འབྲས་དུས་ཀྱི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་མཚོན། པད་འདབ་ལ་གནས་པའི་ཡི་གེ་བརྒྱད་ཀྱིས་ཡུམ་བཞི་དང་ནོར་རྒྱུན་མ་སོགས་བཞི་སྟེ་ལྷ་མོ་བརྒྱད་མཚོན། (ལྷ་མོ་བརྒྱད་ནི། ༡ ཤར་དུ་ (ལྃ) ལོ་ཙ་ནཱ། སྤྱན་མ། ༢ ཤར་ལྷོར་ (བྃ) བ་སུ་དྷ་རི། ནོར་རྒྱུན་མ། ༣ ལྷོར་ (མྃ) མཱ་མ་ཀི། བདག་ཉིད་མའམ་སྙེམས་མ། ༤ ལྷོ་ནུབ་ཏུ་ (ཙུྃ) ཙུནྡ། སྐུལ་བྱེད་མ། ༥ ནུབ་ཏུ་ (པྃ) པཎྡ་རཱ་ཝ་སི་ནི། གོས་དཀར་མོ། ༦ ནུབ་བྱང་དུ་ (བྷྲིཾ ) བྷྲི་ཀུཊེ། ཁྲོ་གཉེར་ཅན་མ། ༧ བྱང་དུ་ (ཏྃ) ཏཱ་ར། སྒྲོལ་མ། ༧ ༨ བྱང་ཤར་ཏུ་ (མྃ) མཱ་ལི་ནཱི། ཕྲེང་བ་མ་བཅས་སོ། །ལྷ་མོ་བརྒྱད་པོ་དེ་དག་གི་མིང་ཡིག་དང་པོ། ལ། བ། མ། ཙུ། པ། བྷྲི། ཏ། མ། བཅས་ལ་ཟླ་ཚེས་དང་ཐིག་ལེས་བརྒྱན་པ་ནི། ཐིག་ལེས་སྟོང་པ་ཉིད་དང་། ཟླ་ཚེས་ཀྱིས་བདེ་བ་ཆེན་པོའི་ཡེ་ཤེས་མཚོན་པས། ངེས་དོན་དུ་ལྷ་མོ་དེ་དག་བདེ་སྟོང་གི་ཡེ་ཤེས་ཉིད་ལྷ་མོའི་གཟུགས་སུ་ཤར་བར་མཚོན་པའམ་གོ་བའི་ཆེད་དུ་ཡིན་ནོ། །དེས་སྐབས་གཞན་དུའང་རིགས་འགྲེའོ། ། <རྡོར་ཕྲེང་དང་མན་སྙེའི་ལུགས་ནི> (མན་ངག་སྙེ་མ་ནི། སཾ་བུ་ཊའི་འགྲེལ་པ་ཡིན་ཞིང་སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་ཅེས་བུ་སྟོན་ཆོས་འབྱུང་ན་གསལ) ས་བོན་བརྒྱད་པོ་རྣམས་གཡས་སྐོར་དང་། ཤེས་རབ་མའི་གདོང་སྟེ་དྲིལ་བུའི་ཞལ་དང་། ལྃ། དེའི་འོག་གི་འཁོར་རྣམས་ཐད་ཀར་འཁེལ་བ་དགོས་ཤིང་། རྒྱུ་མཚན་ནི་དེ་དག་ཡབ་ཡུམ་དུ་གོ་བའི་ཆེད་དུ་ཡིན་པར་སྙམ། <སཾ་བུ་ཊའི་ལུགས་ནི> (སཾ་བུ་ཊ་ནི། རྒྱུད་མང་པོའི་བཤད་རྒྱུད་ཐུན་མོང་བ་ཡིན་པར། ཀུན་མཁྱེན་བུ་སྟོན་གསུང་། བདེ་དགྱེས་གཉིས་ཀའི་ཐུན་མོང་བའི་བཤད་རྒྱུད་ཡིན་པར། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གསུང་ངོ) ས་བོན་བརྒྱད་རིམ་བཞིན་གཡོན་སྐོར་དང་། ཤེས་རབ་མ་ཡི་གདོང་པ་དང་། ཏཾ་ཡིག་དང་། འཁོར་ལོ་གསུམ་ཐད་ཀར་འཁེལ་བ་དགོས། པད་འདབ་བརྒྱད་ཀྱི་འོག་ཏུ་ཆུ་སྲིན་གྱི་ཁ་ནས་ཐོན་པའི་དྲ་བའི་ཁུག་པའོ། །དྲ་བའི་ཁུག་པ་དང་པད་འདབ་གཉིས་ཐད་ཀར་བབས་པ་བྱ་དགོས་པར་གསུངས། བར་དུ་དྲ་བ་ཕྱེད་པས་བརྒྱན་པ། དྲ་ཁུག་བརྒྱད་ལ་གཤེགས་པ་བཞི་དང་། (གཤེགས་པ་བཞི་ནི། རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ་དང་བཞིའོ། །དེ་དག་མཚོན་པའི་མཚན་མ་བཞི་ནི། རིམ་པ་བཞིན་འཁོར་ལོ། རིན་པོ་ཆེ། པདྨ། རལ་གྲི་དང་བཞིའོ) གཤེགས་མ་བཞིའི་ཕྱག་མཚན་བཀོད། (གཤེགས་མ་བཞི་ནི། སྤྱན་མ། མཱ་མ་ཀི། གོས་དཀར་མོ། སྒྲོལ་མ་དང་བཞིའོ། །དེ་དག་མཚོན་པའི་མཚན་མ་བཞི་ནི། སྤྱན། རྡོ་རྗེ། ཨུཏྤལ། སྣ་ཚོགས་རྡོ་རྗེ་དང་བཞིའོ) དྲིལ་བུའི་ནང་ཆོས་འབྱུང་གཅིག་བྲིས་ན་ལེགས་ཤིང་། ཆོས་འབྱུང་སྣོལ་མ་འབྲི་བ་དང་ༀ་ཨཱ་ཧཱུྃ་འབྲི་བ་ཚད་ལྡན་གྱི་གཞུང་གང་ནས་ཀྱང་མ་བཤད་པར་གསུངས། དྲིལ་བུ་ལ་དབྱེ་ན། སྤྱིར་དྲིལ་བུ་ལ་ཕྱི་དྲིལ་དང་ནང་དྲིལ་གཉིས་ཀྱི་ཐ་སྙད་སྔ་རབས་པ་རྣམས་མཛད་ལ། ཕྱི་དྲིལ་ནང་དྲིལ་ཞེས་པ་ནི། ཡོ་གའི་བཤད་རྒྱུད་རྡོ་རྗེ་རྩེ་མོ་ནས་གསུངས་པའི་དྲིལ་བུ་ལ་ཕྱི་དྲིལ་དང་། དུས་འཁོར། སྡོམ་འབྱུང་། སཾ་བུ་ཊ་ནས་བཤད་པ་ལ་ནང་དྲིལ་ཞེས་བྱ། དེ་གཉིས་ཀྱི་ཁྱད་པར་ནི། རྩེ་ལྔ་དང་རྩེ་དགུ་གང་ཡིན་ཀྱང་རྭ་རྣམས་ཆུ་སྲིན་གྱི་ཁ་ནས་ཐོན་པ་མ་ཡིན་པར་པདྨ་ལ་གནས་པ་དང་། མཐར་རྭའི་རྩེ་རྣམས་དབུས་རྭ་དངོས་ལ་མ་ཐུག་པར་དབུས་རྭའི་པདྨ་འཁོར་ལོ་ལ་སོགས་པའི་མཚོན་བྱེད་ཀྱིས་བསྐོར་བ་ལ་ཟུག་ཅིང་། རྭ་རྣམས་པ་དི་རའིཚེར་མ་ལྟར་རྣོ་ཞིང་ཟུར་དང་ལྡན་པ་མིན་པར་ཟླུམ་པོར་གནས་པ་དང་། དྲིལ་བུའི་ཚངས་མགོའི་འོག་ཏུ་བུམ་པའི་དོད་དུ་བུག་པ་ཡོད་པ་དང་། རྫ་མར་གྲགས་པའི་སྟེང་གི་པད་འདབ་ཀྱི་ཤར་དུ་སྤྱན་མའི་ས་བོན་ནམ་ཕྱག་མཚན་ཡོད་པ་རྣམས་ཕྱི་དྲིལ་ཡིན་ལ། དེ་ལས་བཟློག་ཅིང་སྒྲོལ་མའི་ས་བོན་ནམ་ཕྱག་མཚན་ཡོད་པ་ནི་ནང་དྲིལ་ཡིན་པར། སྟག་ཚང་ལོ་ཙཱ་བས་གསུངས་པར་བཤད། ཡང་ན་རྡོ་རྗེ་སེམས་དཔའི་དྲིལ་བུ། (བ་ལང་ཁའམ་ཆུ་སྲིན་གྱི་ཁའི་མུ་ཏིག་ཕྲེང་བ་གཉིས་ཀྱི་བར་དུ་རྡོ་རྗེ་ཕྲེང་བས་བསྐོར་བའི་དྲིལ་བུ་ལ་ཟེར) དཔའ་བོའི་དྲིལ་བུ། (དྲ་བ་དྲ་ཕྱེད་ཀྱི་རྒྱན་མེད་པའི་དྲིལ་བུ་ལ་ཟེར) དེ་བཞིན་གཤེགས་པའི་དྲིལ་བུ་རྣམས་སུ་ཡོད། (ཆུ་སྲིན་གྱི་ཁའི་མུ་ཏིག་གི་ཕྲེང་བ་གཉིས་ཀྱི་བར་དུ། འཁོར་ལོ། རིན་པོ་ཆེ། པདྨ། རལ་གྲིའི་ཕྲེང་བས་བསྐོར་བའི་དྲིལ་བུ་རྩེ་མོ་ལྔ་པ་ཅན་ལ་རིམ་པ་བཞིན། རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ་བཅས་ཀྱི་དྲིལ་བུའམ། དེ་བཞིན་གཤེགས་པའི་དྲིལ་བུ་ཟེར) རྫོགས་རིམ་གྱི་ལམ་མཚོན་ཚུལ་ལ། རྡོ་རྗེའི་མཚོན་དོན་ནི། རྡོ་རྗེས་སྒྲུབ་པ་པོ་དང་། དེའི་གསང་བའི་རྡོ་རྗེ་གཉིས་ཀ་མཚོན། རྡོ་རྗེའི་རྭ་ལྔས་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་ལྡོག་པ་ཕྱེ་ན་ཡེ་ཤེས་ལྔ་ཡོད་པར་མཚོན། རྭ་དེ་རྣམས་ཆུ་སྲིན་གྱི་ཁ་ནས་ཐོན་པ་དེས་སྙིང་རྗེས་སེམས་ཅན་མི་གཏོང་བ་མཚོན། དེའི་འོག་གི་ཉི་གདན་གྱིས་གཏུམ་མོའི་མེ་འབར་བ་མཚོན། དེའི་འོག་གི་པདྨས་འཁོར་ལོ་བཞིའམ་དྲུག་གི་རྩ་འདབ་མཚོན། དེའི་སྟེང་འོག་གི་རིན་པོ་ཆེའི་ཕྲེང་བ་དང་འོད་ཟེར་གྱི་རི་མོས་གདུལ་བྱའི་རེ་བ་བསྐོང་བའི་འཕྲིན་ལས་རྒྱས་པ་མཚོན། རྡོ་རྗེ་ལྟེ་བའི་ཟུར་བརྒྱད་ཀྱིས་ལུགས་འབྱུང་ལྡོག་གི་དགའ་བ་བཞི་བཞི་སྟེ་བརྒྱད་མཚོན། ཡང་ན། རྡོ་རྗེ་ལྟེ་བས་ཡབ་ཀྱི་རྡོ་རྗེའི་དྷཱུ་ཏཱིའི་མར་སྣ། ལྟེ་བ་ཟུར་བརྒྱད་དུ་ཡོད་པ་དེས་ནོར་བུའི་དབུས་ཀྱི་རྩ་འདབ་བརྒྱད་མཚོན། (དེང་སང་ལྟེ་བ་ཟླུམ་པོ་ཟླུམ་རྐྱང་མ་གཏོགས་ཟུར་བརྒྱད་མི་སྣང་ཡང་། ཟུར་བརྒྱད་ངེས་ཅན་དུ་དགོས) དྲིལ་བུའི་མཚོན་དོན་ནི། དྲིལ་བུས་ཕྱག་རྒྱ་མ་དང་། དེའི་བྷ་ག་གཉིས་ཀ་མཚོན། དྲིལ་བུའི་ཡུ་བའི་རྭ་ལྔ་དང་། ཟླ་ཉི་པདྨ་སོགས་ཀྱི་མཚོན་དོན་ནི། རྡོ་རྗེ་དང་འདྲའོ། །དྲིལ་བུའི་ལྕེས་ཡུམ་གྱི་གསང་གནས་མཁའ་འགྲོ་གདོང་ངམ་ཕལ་སྐད་དུ་བྱ་ལེ་ཞེས་པ་དེ་མཚོན། དྲིལ་ལྕེ་ཟུར་བརྒྱད་དུ་ཡོད་པ་དེས་ནང་གི་རྩ་འདབ་བརྒྱད་མཚོན། (དེང་སང་དྲིལ་ལྕེ་ཟུར་བརྒྱད་བྱས་པ་མི་སྣང་ཡང་། ཟུར་བརྒྱད་ངེས་ཅན་དུ་དགོས) དྲིལ་བུའི་སྟེང་དུ་རྡོ་རྗེ་ཕྱེད་པས་མཚན་པས་ནི་ཡབ་ཡུམ་སྙོམས་པར་འཇུག་པ་མཚོན། མདོར་ན་རྡོ་རྗེ་ཕྱོགས་བརྒྱད་དུ་གསོར་ཞིང་། དྲིལ་ལྕེ་ཕྱོགས་བརྒྱད་དུ་བསྐྱོད་ནས་དཀྲོལ་བས་སྒྲུབ་པ་པོའི་རྡོ་རྗེ་ནོར་བུས་ཕྱག་རྒྱའི་དྷཱུ་ཏཱིའི་མར་སྣ་ཁ་འབྱེད་དེ་ནང་གི་རྩ་འདབ་བརྒྱད་བསྐྱོད་པ་དེ་མཚོན་པར་བྱེད་དོ། །རྡོར་དྲིལ་འཇོག་ཚུལ་ནི། རྡོ་རྗེ་རང་གི་གཡོན་དང་། དྲིལ་བུ་རང་གི་གཡས་སུ་ཞལ་རང་ལ་བསྟན་ནས་བཞག རྡོར་དྲིལ་ལག་ཏུ་ལེན་ཚུལ་ནི། མཚོན་དོན་དྲན་ཞིང་གཙང་སྦྲ་དང་གུས་པའི་སྤྱོད་ལམ་གྱིས། ཐོག་མར་ལག་གཡས་ཀྱིས་རྡོ་རྗེ་བླངས། ལག་པ་དེ་གས་དྲིལ་བུ་བླངས་ཏེ། ལག་པ་གཡོན་པ་ལ་གཏད་དགོས། དམིགས་བསལ་གྱི་སྐབས་རེ་གཉིས་མ་གཏོགས། སྤྱིར་བཏང་གཡོན་པས་དྲིལ་བུ་དང་གཡས་པས་རྡོ་རྗེ་ལེན་པ་ལྟ་བུ་མི་མཛེས་པའི་སྐྱོན་ཡོད་པས་སྤང་བར་བྱའོ། །