10024

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད
Tibetan Definition 1 (དགེ་ལུགས) སྦྱིན་སོགས་ཐབས་ཀྱི་ཆ་ཡོངས་སུ་རྫོགས་པས་ཟིན་པས་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་ཟེར་ཏེ། གཙུག་ན་རིན་པོ་ཆེའི་མདོ། རྗེའི་ལམ་རིམ་ཆེན་མོར་དྲངས་པ་ལས། དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། གང་སྦྱིན་པ་དང་མ་བྲལ་བ་དང༌། ཚུལ་ཁྲིམས་དང་མ་བྲལ་བ་དང༌། བཟོད་པ་དང་མ་བྲལ་བ་དང༌། བརྩོན་འགྲུས་དང་མ་བྲལ་བ་དང༌། བསམ་གཏན་དང་མ་བྲལ་བ་དང༌། ཤེས་རབ་དང་མ་བྲལ་བ་དང༌། ཐབས་དང་མ་བྲལ་བ་དང༌། ཞེས་རྒྱས་པར་བཀའ་བསྩལ་ཅིང་དེའི་དོན་རྒྱུད་བླ་མར་ཡང༌། དེ་རྣམས་འབྲི་བྱེད་གང་དག་ཡིན། །སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྟོང་པ་ཉིད་ནི་གཟུགས་སུ་བརྗོད། །ཅེས་ཁ་ཅིག་གིས་མགོ་འབྲི་ཤེས་ཀྱི་གཞན་མི་ཤེས། ཁ་ཅིག་གིས་ལག་པ་ཤེས་ཀྱི་གཞན་མི་ཤེས་པ་ལ་སོགས་པའི་རི་མོ་མཁན་མང་པོ་འཚོགས་ནས་རྒྱལ་པོའི་གཟུགས་འབྲི་ན། རི་མོ་མཁན་གཅིག་མ་ཚང་ནའང་ཡོངས་སུ་མི་རྫོགས་པ་དང་དཔེར་བྱས་ནས་རྒྱལ་པོའི་གཟུགས་ནི་སྟོང་པ་ཉིད་དང་རི་མོ་མཁན་རྣམས་ནི་སྦྱིན་སོགས་དང་འདྲ་བར་གསུངས་ཏེ། སྦྱིན་པ་ལ་སོགས་པའི་ཐབས་རྣམས་མ་ཚང་ན་མགོ་རྡུམ་དང་ལག་རྡུམ་ལ་སོགས་པའི་གཟུགས་དང་འདྲ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གོང་གི་མདོའི་ལུང་དེ་སེ་ར་རྗེ་བཙུན་པའི་སྤྱི་དོན་རོལ་མཚོ་ནའང་གསལ། པཎ་ཆེན་ཤཱཀྱ་མཆོག་ལྡན་པའི་དབུ་མ་བྱུང་བ་ཞེས་པ་༡༨ན༢ལས། སྔགས་ཀྱི་དབུ་མ་མེད་པར་དགག་པ་ཉིད་དུ་བཤད་ན། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ངོས་མ་ཟིན་པ་དང་། ཞེས་རྗེ་རིན་པོ་ཆེར། གལ་ཏེ་སྟོང་ཉིད་མེད་དགག་ཡིན་ན། ཁྱོད་ཀྱིས་རྣམ་ཀུན་མཆོག་ལྡན་སྟོང་ཉིད་ངོས་བཟུང་ཐུབ་མི་འདུག་ཅེས་བརྩད་ཀྱང་། དོན་དུ་གོང་གི་མདོའི་ལུང་དེ་མ་མཐོང་བ་ཙམ་དུ་ཟད་དོ། །