10035

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་ཐར
Tibetan Definition <ཝི་མོཀྵ> 1 སྐྱེས་བུ་དམ་པའི་མི་ཚེའི་ལོ་རྒྱུས་ལ་རྣམ་ཐར་ཟེར། དེ་ཡང་ཞིབ་པར་བཤད་ན། སྐྱེས་ཆེན་དམ་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནམ་དེ་དག་བརྗོད་བྱར་བྱེད་པའི་བསྟན་བཅོས། མི་ཕལ་པ་ལ་དེ་དང་དེའི་ལོ་རྒྱུས་སམ་མི་ཚེའི་ལོ་རྒྱུས་ཟེར་བ་ལས་རྣམ་ཐར་ཞེས་བརྗོད་མི་རིགས་ཏེ། གུང་ཐང་བསྟན་པའི་སྒྲོན་མེའི་རང་རྣམ་ལས། རྙེད་བཀུར་ལོངས་སྤྱོད་འདུ་འཛིའི་ཞགས་པ་ཡིས། །རྣམ་པར་བཅིངས་པའི་ངང་ཚུལ་བརྗོདཔ་ལ། །རྣམ་པར་ཐར་ཅེས་དོན་མི་མཐུན་གྱི་གཏམ། །ཅོ་འདྲི་ལྟ་བུར་སྙིགས་མའི་དུས་འདིར་སྒྲོགས། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། རྣམ་ནི་རྣམ་པར་ཏེ། ཡང་དག་པར། ལེགས་པར། རྫོགས་པར་ཞེས་པའི་དོན་ཡིན་ལ། ཐར་ནི་ཐར་པའོ། །སྐྱེས་བུ་དམ་པ་གང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་གདུལ་བྱ་རྣམས་ཀྱིས་མཐོང་ན་ཡིད་འཕྲོག་ཅིང་། ཐོས་ན་དད་པ་སྐྱེ་བ་སོགས་ཀྱིས་གདུལ་བྱའི་རྒྱུད་ལ་རྣམ་ཐར་རམ་ཐར་པའི་བག་ཆགས་འཇོག་པར་བྱེད་པས་ན་རྣམ་ཐར་ཞེས་བྱའོ། །ཡང་ན་སྐྱེས་བུ་དམ་པ་གང་གིས་རྣམ་གྲོལ་ཐར་པ་བསྒྲུབ་པ་ལ་དཀའ་སྤྱད་དང་སྙིང་རུས་མཛད་ཚུལ་ལས་བརྩམས་ཏེ་བྲིས་པའི་ལོ་རྒྱུས་ཡིན་པས་ན་རྣམ་ཐར་ཞེས་བྱའོ། །རྗེའི་རྣམ་ཐར་ཆེན་མོ་དང་། བཀའ་བརྒྱུད་ཀྱི་མཁས་གྲུབ་ཆེན་པོ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་རིན་པོ་ཆེའི་རང་རྣམ་དུའང་༦༥རྣམ་ཐར་གྱི་སྒྲ་བཤད་ཚིག་རིས་ཅུང་ཟད་མི་འདྲ་བ་འགའ་ཡོད་པས་དེར་བལྟ་བར་བྱའོ། །2 རྣམ་པར་ཐར་པའི་བསྡུས་ཚིག་སྟེ། བཅིངས་པ་ལས་གྲོལ་བ། སྤྱོད་འཇུག་ལས། ཐོག་མེད་འཁོར་བར་བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །དེ་ཙམ་ཁོ་ན་མྱོང་གྱུར་ནས། །དེ་ནི་ (ངན་འགྲོ་ལས) རྣམ་ཐར་མི་འགྱུར་ཏེ། །ཞེས་གསུངས་པ་ལྟར་རོ། །3 ཐར་པ་མྱང་འདས་ཀྱི་མིང་། རྣམ་ཐར། རྣམ་པར་ཐར་པ། རྣམ་གྲོལ། རྣམ་པར་གྲོལ་བ་རྣམས་དོན་གཅིག དཔེར་ན་རྣམ་ཐར་སྒོ་གསུམ་ཞེས་པ་ལྟ་བུ། སྤྱིར་རྣམ་པར་ཞེས་པའི་སྒྲ་འཇུག་གཞི་མང་དུ་ཡོད་པ། རྣམ་པར་ཞེས་པའི་ཐད་དུ་གཟིགས། 4 སྤྱོད་པ། སྤྱོད་ཚུལ། མཛད་སྤྱོད། བྱ་སྤྱོད། རྣམ་འགྱུར་བཅས་ཀྱི་དོན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རང་རྣམ་ལས། གཏི་མུག་མུན་པས་ཡིད་བསླད་ངོ་ཚ་བྲལ། །བག་མེད་སྨྱོན་པའི་རྣམ་འགྱུར་སྣ་ཚོགས་ཀྱང་། །ཐེག་མཆོག་གསང་བའི་རྣལ་འབྱོར་སྤྱོད་པ་ཞེས། །གྱ་གྱུའི་རྣམ་ཐར་ཚུལ་ལ་བདག་མི་མོས། །ཞེས་དང་། ཆགས་སྡང་བརླང་པོའི་ཐུགས་རྒྱུད་ཞོ་འཐུང་བུའི། །རུས་པར་འགྲན་ཀྱང་གསུང་འཇམ་ཞི་དུལ་ཅན། །ངུར་སྨྲིག་གིས་མཛེས་ཚེར་མ་དར་གཏུམས་བཞིན། །འཕྱོན་མའི་རྣམ་ཐར་ཚུལ་ལའང་བདག་མི་དགའ། །ཞེས་གསུངས་པ་ལྟ་བུ་དང་། ས་སྐྱ་ལེགས་བཤད་ལས་ཀྱང་། དམན་ལ་སྤྱོད་པ་བཟང་བྱུང་ཡང་། །དེ་ནི་བཅོས་མའི་རྣམ་ཐར་ཡིན། །ཤེལ་ལ་ནོར་བུས་ཁ་བསྒྱུར་ཡང་། །ཆུ་དང་འཕྲད་ན་རང་མདོག་བསྟན། །ཞེས་གསུངས་པ་ལྟ་བུའོ། །གཞོན་ནུ་ཟླ་མེད་ཀྱི་རྣམ་ཐར་ལས་ཀྱང་། ཀྱེ་ཧུད་བག་ཡོད་ངོ་ཚའི་གོས་བྲལ་བ། །ཁྲེལ་འདས་གཅེར་བུར་རྒྱུ་བའི་བློན་འབངས་ཀུན། །གཞོན་ནུ་བྲལ་བས་ནོངས་ཞེས་སྨྲ་ཞིང་ངུ་། །མྱ་ངན་བཅས་ཀྱང་བཅོས་མའི་རྣམ་ཐར་ཡིན། །ཞེས་པ་ལྟ་བུའོ། །