10095

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་བཅུ་དབང་ལྡན
Tibetan Definition རྣམ་བཅུ་དབང་ལྡན་གྱི་ཡི་གེ་བཅུ་པོ་འདིས། ཕྱི་ནང་གཞན་གསུམ་མམ། གཞི་ལམ་འབྲས་གསུམ་མཚོན་ཏེ། སྦྱང་གཞི་ཕྱིའི་སྲིད་པ་བཅུ། ནང་སྒྲུབ་པ་པོའི་རྡོ་རྗེའི་ལུས། དེ་གཉིས་སྦྱོང་བྱེད་བསྐྱེད་རྫོགས་གཉིས། སྦྱངས་པའི་འབྲས་བུ་ཡེ་ཤེས་རྣམས་མཚོན་པར་བྱེད་ཅིང༌། ཡིག་འབྲུ་རྣམས་གཅིག་སྟེང་གཅིག་བརྩེགས་པ་ནི། ཕྱི་ནང་གི་སྣོད་བཅུད་ཆགས་ཚུལ་གྱི་རིམ་པ་སོགས་སྟོན་པའི་ཆེད་དུ་ཡིན། དེར་བརྟེན་འདིའི་སྐབས་སུ་སྔགས་ཀློག་པ་ན་འོག་ནས་སྟེང་དུ་བཀླགས་ནས་འགྲེལ་བཤད་བྱེད་དགོས། འདིའི་བཀླག་ཚུལ་ནི། གསལ་བྱེད་མི་འདྲ་དུ་མ་བརྩེགས། །རང་སྒྲ་ཐོན་ཙམ་མྱུར་བར་བཀླག །དབྱངས་དང་ང་རོ་འོག་མར་དབང༌། །ཞེས་པས་སྟོན་ཏེ། གསལ་བྱེད་དུ་མ་བརྩེགས་པ་ལྟ་བུ་ལ། རང་རང་གི་སྒྲ་ཐོན་ཙམ་མྱུར་བར་བཀླག་སྟེ། དཔེར་ན། ཧ་ཀྵ་མ་ལ་ཝ་ར་ཡྃ། ལྟ་བུའོ། །འདིར་ཁ་ཅིག ཧཾ་ཀྵཾ་མཾ་ལཾ་ཝཾ་རཾ་ཡྃ། ཞེས་དབྱངས་དང་ང་རོ་ཀུན་ལ་སྦྱར་ནས་བཀླག་པ་ཡོད་དེ། ནོར་བ་ཡིན་པས་སྤང་བར་བྱ་ཞེས་གསུངས། (ཕྱིའི་སྲིད་པ་མཚོན་ཚུལ་ནི) (ནཱ་དས) བདེ་སྟོང་གི་དེ་བཞིན་ཉིད། (རྣམ་བཅད་དང་ཐིག་ལེས) ཟླ་ཉི་གཉིས་མཚོན། (ཧ) གཟུགས་མེད་ཀྱི་གནས་མཚོན། (ཀྵ) འདོད་གཟུགས་ལྷའི་གནས། (མ) ལྷུན་པོ། (ལ) པདྨ། (ཝ) ཆུའི་དཀྱིལ་འཁོར་མཚོན། (ར) མེ། (ཡ) རླུང༌། (སྲོག་ཏུ་ཞུགས་པའི་ཨས) ནམ་མཁའ། (ནང་སྒྲུབ་པ་པོའི་རྡོ་རྗེའི་ལུས་མཚོན་ཚུལ་ནི) (ནཱ་དས) འདིས་ནི་གང་ལ་གནད་དུ་བསྣུན་པའི་རྡོ་རྗེའི་ལུས་ཀྱི་གནད་ཆེ་ས་དག་ཀྱང་མཚོན་པར་བྱེད་དོ། །(ཧྃ) དེས་རྩ་དབུ་མ་དང་རོ་རྐྱང་གཉིས་མཚོན། (ཀྵ) གསང་གནས་ཀྱི་པདྨ། (མ) ལྟེ་བ་ནས་གསང་གནས་ཀྱི་བར་གྱི་ལུས་སམ་སྒལ་ཚིགས། (ལ) ལྟེ་བའི་འཁོར་ལོ། (ཝ) སྙིང་ག (ར) མགྲིན་པ། (ཡ) དཔྲལ་བ། (སྦྱོང་བྱེད་བསྐྱེད་རིམ་མཚོན་ཚུལ་ནི) ཡི་གེ་རྣམས་བརྩེགས་པའི་གོ་རིམ་གྱིས་བསྐྱེད་རིམ་གྱི་རྟེན་དང་བརྟེན་པ་བསྐྱེད་པའི་གོ་རིམ་ཀྱང་མཚོན། (ནཱ་དས) དཀྱིལ་འཁོར་གྱི་གཙོ་བོ་དུས་ཀྱི་འཁོར་ལོ་དང༌། འཁོར་གྱི་ལྷ་ཐམས་ཅད་མཚོན། (ཧྃ) དེས་ཟླ་གཉིས་སྒྲ་གཅན་གྱི་གདན་དང༌། གཞལ་ཡས་ཁང་མཚོན། (ཀྵ) པདྨ། (ལ) ས་དཀྱིལ། (ཝ) ཆུ་དཀྱིལ། (ར) མེ་དཀྱིལ། (ཡ) རླུང་དཀྱིལ། (ཡ་ཡིག་གི་སྲོག་ཏུ་ཞུགས་པའི་ཨས) ཆོས་འབྱུང༌། (རྫོགས་རིམ་མཚོན་ཚུལ་ནི) (ཧྃ) དེས་ཡས་རིམ་བཞིན་གཏུམ་མོ། ཁུ་བ། སེམས་བདེ་བའི་ངོ་བོར་སྐྱེས་པ་མཚོན། དེ་ཡང་རྣམ་བཅད་ཀྱིས་གཏུམ་མོ་འོག་ནས་འབར་བ་དང༌། ཐིག་ལེས་ཁུ་བ་སྟེང་ནས་འབབ་པ་མཚོན། (ནཱ་དས) སེམས་བདེ་བའི་ངོ་བོར་སྐྱེས་པ་མཚོན། (ཀྵ) གསང་བའི་རྩ་འཁོར་གྱི་པདྨ། (ལ) ལྟེ་བ་ནས་གསང་གནས་ཀྱི་བར་གྱི་ལུས་སམ་སྒལ་ཚིགས། (ཝ) སྙིང་གའི་རྩ་འཁོར། (ར) མགྲིན་པའི་རྩ་འཁོར། (ཡ) དཔྲལ་བའི་རྩ་འཁོར། (ཧྃ) དེས་བདེ་བ་ཆེན་པོའི་ཡེ་ཤེས། (ཀྵ་མ་ལ་ཝ་ར་ཡ) རྣམས་ཀྱིས་ཁམས་དྲུག་པོ་ཐམས་ཅད་སྒྲིབ་བྲལ་དུ་གྱུར་པའི་སྟོང་ཆེན་གྱི་ཡི་གེ་ལྔ་དང༌། ཡིག་དྲུག་མཚོན། མདོར་ན་དུས་འཁོར་གྱི་སྔགས་འདིས་ཕྱི་ནང་གཞན་གསུམ་མམ། ཡང་ན་གཞི་ལམ་འབྲས་གསུམ་རྫོགས་པར་མཚོན་པའི་ལཉྫའི་ཡི་གེ་རྨད་དུ་བྱུང་བ་ཞིག་གོ། མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ལ་གཞི་བྱས་ཏེ་རགས་རིམ་ཙམ་ཞིག་བཀོད། རྣམ་བཅུ་དབང་ལྡན་ཞེས་པའི་ཡི་གེ་རྣམ་པ་བཅུ་ནི། ༡ ནཱ་ད། ( ྂ ) ༢ རྣམ་བཅད་དང་ཐིག་ལེ། ( ྃ ) ༣ ཧ ༤ ཀྵ ༥ མ ༦ ལ ༧ ཝ ༨ ར ༩ ཡ ༡༠ ཨ (ཡི་གེ་དེ་དག་གི་སྲོག་ཏུ་ཞུགས་པའི་ཨ་ཡིག) བཅས་སོ། །