10153

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར
Tibetan Definition <ཡོ་ག> སྤྱིར་བཏང་རྣལ་འབྱོར་ཞེས་པ་ནི་མཉམ་དུ་སྦྱོར་བའི་དོན་ཡིན། བྱེ་བྲག་ཏུ་བཤད་ན། རྣལ་འབྱོར་ནི། 1 སེམས་མཉམ་པར་གཞག་པ། ཏིང་ངེ་འཛིན། ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་བཅས་ལ་ཟེར། ཐེག་བསྡུས་བཤད་སྦྱར་ལས། ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བར་རང་གི་ངང་གིས་འཇུག་པ་དང་ལྡན་པ་ནི་རྣལ་འབྱོར་རོ། །ཞེས་གསུངས་པ་ལྟར་རོ། །2 ལམ། དཔེར་ན་རྣལ་འབྱོར་མངོན་སུམ་ཞེས་་ལྟ་བུ། 3 ཉམས་ལེན། ལྷའི་རྣལ་འབྱོར་ཞེས་པ་ལྟ་བུ། སཾ་བོད་སྐད་གཉིས་ཤན་སྦྱར་ལས་རྣལ་འབྱོར་གྱི་སྐད་དོད་ཡོ་ག་ཞེས་པ། རྣལ་འབྱོར། འབྲེལ་བ། རྫས། སྦྱོར་བ། ཐབས། བསམ་གཏན་སོགས་ལ་འཇུག་པར་བཤད། སྒྲ་བཤད་ནི། རྣལ་ནི་རྣལ་མ་སྟེ་ཡང་དག་པ་དང་། འབྱོར་ནི་མཉམ་དུ་སྦྱོར་བའི་དོན་ཡིན་པས། ཡང་དག་པར་སྦྱོར་བས་ན་རྣལ་འབྱོར་རོ། །དེ་ཡང་ཕར་ཕྱིན་ཐེག་པ་ལྟ་བུར། ཞི་ལྷག་གཉིས་ཡང་དག་པར་སྦྱོར་བས་ན་རྣལ་འབྱོར། སྔགས་ཀྱི་སྐབས་སུ། ཐབས་ཤེས་གཉིས་ཡང་དག་པར་སྦྱོར་བས་ན་རྣལ་འབྱོར། ཡང་དེང་སང་ཡོངས་གྲགས་ཀྱི་ཕྱི་རོལ་པའི་ལུས་སྦྱོང་ལའང་ལུས་སེམས་གཉིས་ཡང་དག་པར་མཉམ་དུ་སྦྱོར་བས་ན་རྣལ་འབྱོར་རམ་ཡོ་ག་ཞེས་བརྗོད་པ་ལྟ་བུ་སྐབས་ཐོབ་ཀྱི་སྒྲ་བཤད་བྱེད་ཚུལ་མང་དུ་ཡོད་དོ། །རྗེ་གུང་ཐང་པས་ནི། རྣལ་འབྱོར་གྱི་དོན་ཡང་། ཞི་གནས་ལ་བརྟེན་ནས་བྱིང་རྒོད་ཀྱི་གཡེང་བ་སོགས་སེམས་ལས་སུ་མི་རུང་བར་བྱེད་པའི་སྐྱོན་དང་བྲལ་བ་རླུང་མེད་པའི་མར་མེ་བཞིན་རྣལ་དུ་གནས་པ་དང་། ལྷག་མཐོང་གི་འོད་གསལ་བས་མར་མེས་མུན་པ་སེལ་བ་ལྟར་ཡུལ་སོ་སོར་གཅོད་པ་དང་། སྤྲུལ་བསྒྱུར་སོགས་ཀྱི་དོན་མཐའ་དག་འབྱོར་བའམ་ཕུན་སུམ་ཚོགས་པར་བྱེད་པས་རྣལ་འབྱོར་ཞེས་བཤད་པའི་ཕྱིར། དབུ་མཐའ་ལས། དེར་གནས་ལས་སུ་རུང་བ་ཉིད། །དོན་རྣམས་ཐམས་ཅད་འབྱོར་བར་འགྱུར། །ཞེས་གསུངས་པ་འདི་རྣལ་འབྱོར་གྱི་སྒྲ་བཤད་དུ་རུང་བར་སྣང་ལ། ཞེས་རྗེ་གུང་ཐང་པའི་སྐབས་དང་པོའི་མཆན་འགྲེལ་ལས་གསུངས་སོ། །ཁུ་ནུ་བླ་མ་རིན་པོ་ཆེའི་ངག་སྒྲོན་འགྲེལ་པར། རྣལ་འབྱོར་གྱི་སྒྲ་བཤད་ལ། རྣལ་ནི། རྣལ་མ་སྟེ་གཉུག་མ། འབྱོར་ནི། འབྱོར་བའམ་སྦྱོར་བ་སྟེ་སྒོམ་པའི་དོན་ཏེ། ཏིང་ངེ་འཛིན་ཐབས་ཤེས་ཟུང་འཇུག་གི་དོན་ལ་བཤད་དོ། །