1021

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་གསུམ
Tibetan Definition ཕྱིའི་གནས་གསུམ། ནང་གི་གནས་གསུམ། གསང་བའི་གནས་གསུམ་དང་གསུམ་ལས། དང་པོ་ཕྱིའི་གནས་གསུམ་ནི། གངས་རི་སེང་གདོང་དཀར་པོ་སྐུ་ཡི་གནས། །ལ་ཕྱི་སྟག་གདོང་ཕྲ་མོ་གསུང་གི་གནས། །རྩ་རི་ཕག་གདོང་ནག་མོ་ཐུགས་ཀྱི་གནས། །ཞེས་འདས་ལོག་མ་བསྟན་འཛིན་ཆོས་སྒྲོན་གྱི་རྣམ་ཐར་དུ་གསུངས་པ་ལྟར་དང༌། ཡང་ན། ས་འོག་སྐུའི་གནས། ས་སྟེང་གསུང་གི་གནས། ས་བླ་ཐུགས་ཀྱི་གནས། ཞེས་བདེ་མཆོག་གི་སྐོར་ནས་གསུངས་པ་ལྟར་རོ། །གཉིས་པ་ནང་གི་གནས་གསུམ་ནི། སྤྱི་བོ་སྐུའི་གནས། མགྲིན་པ་གསུང་གི་གནས། སྙིང་ག་ཐུགས་ཀྱི་གནས་དང་གསུམ་མོ། ། གསུམ་པ་གསང་བའི་གནས་གསུམ་ནི། སྔགས་སྐྱེས། ཞིང་སྐྱེས། ལྷན་སྐྱེས་ཀྱི་མཁའ་འགྲོ་མ་གསུམ་ལ་ཟེར་ཏེ། རྒྱལ་བ་དགེ་འདུན་རྒྱ་མཚོས། ཞིང་སྐྱེས་ལྷན་ཅིག་སྐྱེས་དང་སྔགས་སྐྱེས་ཀྱི། །གནས་གསུམ་མཁའ་འགྲོའི་ཚོགས་ལ་དབང་བསྒྱུར་ཞིང༌། །ཞེས་གསུངས་པ་ལྟར་དང༌། བསྐྱེད་རིམ་དང༌། སོ་སྐྱེའི་རྫོགས་རིམ་དང༌། འཕགས་རྒྱུད་ཀྱི་རྫོགས་རིམ་གྱི་རྟོགས་པ་རྒྱུད་ལྡན་གྱི་རྣལ་འབྱོར་མ་ལ་རིམ་པ་ལྟར། སྔགས་སྐྱེས་དང༌། ཞིང་སྐྱེས་དང༌། ལྷན་སྐྱེས་ཀྱི་མཁའ་འགྲོ་མར་གསུངས་པ་ལྟར་རོ། །ཞེས་དངུལ་ཆུའི་གསུང་ན་གསལ་བ་ལྟར་རོ། །