From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གནས་ངན་ལེན
|
Tibetan Definition
|
<དཽཥྛུལྱ> 1 ལྟུང་བ། ཉེས་པ། སྐྱོན་བཅས་ལ་ཟེར། ལྟུང་བ་ལ་འཇུག་པ་ནི། དཔེར་ན་དགེ་སློང་གཞན་གྱི་ཕམ་ལྷག་གི་ལྟུང་བའི་ཉེས་པ་བརྗོད་པ་ལ། གནས་ངན་ལེན་བརྗོད་ཅེས་པ་ལྟ་བུ། ཉེས་པ་ལ་འཇུག་པ་ནི། དགེ་སློང་གཞན་གྱི་ལྟུང་བའི་ཉེས་པ་འཆབ་པ་ལ། གནས་ངན་ལེན་འཆབ་ཅེས་པ་ལྟ་བུ། སྐྱོན་ལ་འཇུག་པ་ནི། ལུས་ངག་གི་གནས་ངན་ཞེས་པ་ལྟ་བུ། དེ་ཡང་རྗེའི་དྲང་ངེས་ལེགས་བཤད་སྙིང་པོ་ལས། ལུས་དང་ངག་གི་འཇུག་པ་ནི་དགྲ་བཅོམ་པ་ལ་ཡོད་པ་སྤྲེའུ་ལྟར་མཆོང་བ་དང་གཞན་ལ་རྨངས་མོ་ཞེས་ཟེར་བའི་ལུས་ངག་གི་གནས་ངན་ལེན་སྟོན་པས་བཀག་ཀྱང་མ་ལོག་པ་ལྟ་བུ་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ།། བྱེ་བྲག་རྟོགས་བྱེད་འབྲིང་པོའམ་སྒྲ་སྦྱོར་བམ་པོ་གཉིས་པ་༼ ཅོ་པ ༽༡༥༢བ༣ལས། དཽཥྛུལྱ་ཞེས་བྱ་བ་དུ་ནི་སྨད་པའམ་ངན་པ། ཥྛུན་ག་ཏི་པྲཏི་ཞེས་བྱ་སྟེ་གནས་པ་ལ་བྱ། ལནེཨཱདན་སྟེ་ལེན་པའམ་འཛིན་པའོ། །གཅིག་ཏུ་ན་དུཥྚུ་ནི་ཉེས་པའམ་སྐྱོན་གྱི་མིང་། ལ་ནི་གོང་དུ་བཤད་པ་དང་འདྲ་སྟེ། སྤྱིར་ན་ལྟུང་བ་དང་སྒྲིབ་པའི་མིང་སྟེ་གནས་ངན་ལེན་དུ་བཏགས། ཞེས་གསུངས་སོ། །གནས་ངན་ལེན་ཞེས་པའི་ཐ་སྙད་འདི་ཐོག་མར་ཆོས་འདུལ་བའི་ལྟུང་བ་དང་ཉེས་པ་དང་སྐྱོན་གྱི་དོན་ལ་འཇུག་པའི་ཐ་སྙད་ཅིག་ཡིན་པ་ལ། ཕྱིས་རིམ་གྱིས་ཁྱབ་བརྡལ་དུ་སོང་སྟེ། སྒྲིབ་པ་དང་། བག་ཆགས་དང་ས་བོན་སོགས་འཇུག་ཡུལ་མི་འདྲ་བ་ལ་བེད་སྤྱོད་བྱས་པ་འདྲའོ། །2 སྒྲིབ་པ། རྒྱལ་ཚབ་ཆོས་རྗེའི་རྣམ་བཤད་སྙིང་པོ་རྒྱན་ལས། བར་ཆད་མེད་ལམ་གྱི་དུས་ན་ངོས་སྐལ་གྱི་སྤང་བྱ་དེ་མེད་ཅིང་སྐྱེར་མི་རུང་བའི་ཆོས་ཅན་ཡིན་ཡང༌། རྐྱེན་མ་ཚང་བས་ཡིན་གྱི་སོ་སོར་བརྟགས་འགོག་ཐོབ་པ་ནི་མ་ཡིན་ནོ། །འདི་ལ་དཔགས་ནས་ས་བཅུ་རྒྱུན་གྱི་ཐ་མའི་བར་ཆད་མེད་ལམ་གྱི་དུས་ན་གནས་ངན་ལེན་གྱི་དྲི་མ་ཕྲ་མོ་རྡུལ་ཙམ་ཡང་མེད་ཀྱང་ཟད་པར་སྤངས་པ་ཞེས་མི་བྱ་སྟེ། ཞེས་གསུངས་པ་ལྟར་རོ། །3 ཉོན་མོངས་ཀྱི་ནུས་པའམ་བག་ཆགས་ས་བོན། སེམས་ཀྱི་འཛིན་པ་ཕྱིན་ཅི་ལོག་གོང་ནས་གོང་དུ་བསྐྱེད་པའི་ནུས་པའམ་བག་ཆགས། ལས་ངན་དང་དེའི་བག་ཆགས་བཅས་ལ་ཟེར། རྗེའི་ལམ་རིམ་ཆེན་མོ་ལས། དེ་ལ་གནས་ངན་ལེན་ནི། ཡུལ་ཅན་ཕྱིན་ཅི་ལོག་གོང་ནས་གོང་དུ་བསྐྱེད་པའི་ནུས་པ་སེམས་རྒྱུད་ལ་གནས་པའི་བག་ཆགས་དང་། ཞེས་གསུངས། ཡང་དེ་ཉིད་ལས། སྡུག་བསྔལ་དང་ཉོན་མོངས་པ་ཕྱི་མ་རྣམས་སྐྱེ་བའི་ས་བོན་རྗེས་སུ་འབྲེལ་བས་ན་ཀུན་ཏུ་འགྲོ་བའི་གནས་ངན་ལེན་དང་ལྡན་པའོ། །ཞེས་གསུངས། དབྱངས་ཅན་དགའ་བློའི་ལམ་རིམ་བརྡ་བཀྲོལ་ལས། གནས་ངན་ལེན་ཞེས་པ་ནི། རྐྱེན་དང་ནམ་ཕྲད་པའི་ཚེ་ཉོན་མོངས་པ་དང་སྡུག་བསྔལ་སྐྱེད་བྱེད་ཀྱི་ས་བོན་དང་བག་ཆགས་ཀྱི་མིང་སྟེ། ད་ལྟ་སྡུག་བསྔལ་བར་བྱེད་པའི་གཞི་ཡིན་པས་ན་གནས་དང་། སླར་སྡུག་བསྔལ་ཕྱི་མ་འདྲེན་པས་ན་ངན་ལེན་ཞེས་པའོ། །ཞེས་གསུངས། 4 སྡུག་བསྔལ་གྱི་རྒྱུ་ལ་འཇུག་པའི་དོན། སྒྲ་བཤད་ནི། གནས་ངན་པ་ནི་ཉེས་པའི་དོན་ཡིན་ལ། ལེན་པ་ནི་སྐྱེད་པར་བྱེད་པ་སྟེ། ཉེས་པ་སྐྱེད་བྱེད་ཅེས་བྱ་བའི་དོན་ནོ། །དགེ་ལེགས་བཤེས་གཉེན་གྱི་གསུང་ལ་གཞི་བྱས། ཡང་ན། སྡུག་བསྔལ་གྱི་རྒྱུ་ནི་ཤིན་ཏུ་ལྡང་བར་དཀའ་བའི་ཕྱིར་གནས་ངན་ཞེས་བྱ་ལ། དེ་ཁས་ལེན་པའམ་དེ་ལ་འཇུག་པའི་ཕྱིར་གནས་ངན་ལེན་ཞེས་བྱའོ། །
|