10259

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་དབུ་མ
Tibetan Definition <ཨ་བ་དྷཱུ་ཏཱི> རྩའི་གཙོ་མོ་གསུམ་གྱི་ཡ་གྱལ་ཏེ། མིའི་ལུས་ཀྱི་དབུས་དྲང་པོ་ན་སྒལ་ཚིགས་ལ་ཅུང་ཟད་ཉེ་བར་ཕྱི་སྔོ་ལ་ནང་དམར་བ། མར་སྣ་ཕོ་མོ་གང་ཡིན་གྱི་རྟགས་ཀྱི་རྩེར་ཡོད་ལ། ཡར་སྣེ་ཚངས་བུག་གམ་སྨིན་མཚམས་དང་སྣ་བུག་གི་འཛོམ་མདོར་ཁ་ཕྱེ་ནས་ཡོད་པའོ། །ཚན་པའམ་ཆ་ཤས་རེ་རྐང་མཐིལ་གཉིས་སུའང་ཡོད་པར་རྗེའི་གསུང་ཟིན་བྲིས་ན་གསལ། རྩ་དབུ་མ་དེ་ནི་སྒོམ་པའི་སྐབས་ཁྱད་ཆོས་བཞི་ལྡན་ཞིག་ཏུ་བསྒོམ་དགོས་པ་ཡིན་ཏེ། དྲང་ཞིང་བརྐྱངས་པ་ཆུ་ཤིང་གི་སྡོང་པོ་ལྟ་བུ། ནང་དམར་ཞིང་སྣུམ་པ་རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུ། གསལ་ལ་དྭངས་པ་ཏིལ་དམར་གྱི་མར་མེ་ལྟ་བུ། འཇམ་ལ་མཉེན་པ་པདྨའི་འདབ་མ་འདྲ་བ་བཅས་ཀྱི་ཁྱད་ཆོས་བཞི་ལྡན་ནོ། །མིང་གི་རྣམ་གྲངས་ནི། ཨ་བ་དྷཱུ་ཏཱི། མ་ནིང་གི་རྩ། མུན་པའི་རྩ། དེའི་ནང་ནས་མུན་པ་དང་ཁུ་ཁྲག་དང་རླུང་འབྱུང་བས་ན་སྙིང་སྟོབས་རྡུལ་མུན་གསུམ་གྱི་ནང་ནས་མུན་པའི་རྩ་དང༌། སྐྱེས་པ་དང་བུད་མེད་མ་ནིང་གསུམ་གྱི་ནང་ནས་མ་ནིང་གི་རྩ་དང༌། ཉི་ཟླ་སྒྲ་གཅན་གསུམ་གྱི་ནང་ནས་སྒྲ་གཅན་གྱི་རྩ་ཞེས་བྱའོ། །ཞེས་རྗེའི་གསུང་ཟིན་བྲིས་མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཐིག་ལས་གསུངས། སྒྲ་གཅན་གྱི་རྩ། ཀུན་སྤངས་མ། ཀུན་འདར་མ། ཕྲ་མོའི་གཟུགས། སུ་མ་ན། ནང་གི་ཤིང་གཅིག ཚངས་པའི་དབྱུག་པ་རྣམས་མིང་གི་རྣམ་གྲངས་ཡིན། གཞན་ཡང༌། རྩ་དབུ་མ་ལ་གནས་ཚོད་ཀྱི་རྩ་དབུ་མ་དང༌། སྒོམ་དོན་གྱི་རྩ་དབུ་མ་གཉིས་ཡོད།