From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྩ་དབུ་མའི་མར་སྣེ
|
Tibetan Definition
|
སྐྱེས་པའི་རྩ་དབུ་མའི་མར་སྣེ་ནི། ནོར་བུའམ་ཕོ་རྟགས་ཀྱི་རྩེ་ནས་ཡར་སོ་གང་ངམ། སོར་ཕྱེད་དང་དོའི་མཚམས་ན་ཡོད་དེ། རྗེའི་ཞལ་ཤེས་ཟིན་བྲིས་ལས། རྩ་དེའི་རྩེ་མོ་ནོར་བུའི་དབུས་ཀྱི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་ན་བཞུགས་པས། ཞེས་གསུངས་པ་ལྟར་རོ། །བུད་མེད་ཀྱི་རྩ་དབུ་མའི་མར་སྣེ་ནི། བྱ་རོག་གདོང་ངམ་ཕལ་སྐད་ལ་བྱ་ལེ་ཟེར་བ་དེའི་རྩེ་མོ་ན་ཡོད་པར་བཤད་དེ། རྗེའི་ཞལ་ཤེས་ཟིན་བྲིས་ལས། བྱ་རོག་གདོང་ཞེས་པ་ནི་འཇིག་རྟེན་པ་ལ་བྱ་ལེར་གྲགས་པ་དེ་ལ་ཟེར་ཞིང༌། དབུ་མའི་མར་སྣ་རྩ་འདིའི་དབུས་ནས་འབྱུང་ངོ༌། །ཞེས་གསུངས་པ་ལྟར་རོ། །དེ་ཡང་སྐྱེས་པའི་དྷཱུ་ཏཱིའམ་རྩ་དབུ་མ་སྦོམ་ཞིང་ཐུང་བར་གནས་པས་ནོར་བུ་ལས་ཕྱིར་འོང་བ་མི་སྲིད་ལ། བུད་མེད་ཀྱི་དྷཱུ་ཏཱི་ཕྲ་ཞིང་རིང་བས་ཆགས་པ་ལྷག་པར་རྒྱས་པའི་ཚེ་བྱ་རོག་གདོང་ལས་ཕྱིར་ནར་ནས་འོང་ངོ༌། །རྩ་དབུ་མའི་མར་སྣ་ཞེས་འགྲེང་བུ་མེད་ཀྱང་འཐད། སྤྱིར་བཏང་རྩ་དབུ་མའི་མར་སྣེ་འདོད་ཚུལ་ལ། གསང་གནས་ན་ཡོད་པར་བཤད་པ་དང༌། རྐང་མཐིལ་གཉིས་སུ་ཡོད་པར་བཤད་པ་དང༌། ཕོ་མོའི་རྟགས་ཀྱི་རྩེར་ཡོད་པར་བཤད་པའི་ཚུལ་ཡོད་ཀྱང༌། གསང་འདུས་ཀྱི་སྐབས་གོང་དུ་བཤད་པ་ལྟར་ཕོ་མོའི་རྟགས་ཀྱི་རྩེར་ཡོད་པར་ཤེས་པར་བྱའོ། །གསང་གནས་ཞེས་པ་ལྟེ་བའི་འོག་སོར་གསུམ་མམ་སོར་བཞིའི་མཚམས་ལ་ཟེར།
|