10299

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་རྒྱུད
Tibetan Definition རང་ཉིད་རྒྱུད་གཞན་འཆད་པའི་འགྲེལ་པ་ལྟ་བུར་གནས་པ་མ་ཡིན་པར་རང་ཉིད་འགྲེལ་པ་ལྟ་བུའི་རྒྱུད་གཞན་གྱིས་བཤད་པར་བྱ་བའི་གཞིར་གནས་པའི་རྒྱུད། དེ་ལ་བཤད་རྒྱུད་ལ་ལྟོས་པའི་རྩ་རྒྱུད་ཟེར། དཔེར་ན་གསང་འདུས་དང་བདེ་མཆོག་ལ་སོགས་པའི་རྩ་རྒྱུད་རྣམས་ལྟ་བུ། ཐོག་མར་སྟོན་པས་རྒྱས་པར་གསུངས་པའི་རྒྱུད་གང་ཞིག་ཕྱིས་དེ་ལས་བཏུས་པའི་བསྡུས་རྒྱུད་གང་ལས་འཐུ་བའི་གཞིར་གྱུར་ཅིང༌། རང་ཉིད་གང་ལ་ལྟོས་པའི་རྩ་རྒྱུད་གཞན་གྱི་འཆད་བྱེད་དུ་མ་སོང་བའི་རྒྱུད། དེ་ལ་བསྡུས་རྒྱུད་ལ་ལྟོས་པའི་རྩ་རྒྱུད་ཟེར། དཔེར་ན་དུས་འཁོར་རྩ་རྒྱུད་ལྟ་བུའོ། །མཁས་གྲུབ་ཆོས་རྗེའི་གསུང་ལ་གཞི་བྱས། རྩ་རྒྱུད་ལ་དབྱེ་ན། རྒྱུད་རྒྱས་པ་དང་། ཉུང་ངུའི་རྒྱུད་དམ་བསྡུས་རྒྱུད་གཉིས་ཡོད་དེ། རྗེའི་རིམ་ལྔ་གསལ་སྒྲོན་ལས། འདིར་རྩ་བའི་རྒྱུད་དང་རྒྱུད་ཕྱི་མ་དང་བཤད་པའི་རྒྱུད་ཅེས་གྲགས་པའི་དོན་གང་ཡིན་སྙམ་ན། རྩ་བའི་རྒྱུད་ཀྱི་དབྱེ་བ་ནི་རྒྱུད་རྒྱས་པ་དང༌། ཉུང་ངུའི་རྒྱུད་དམ་བསྡུས་པའི་རྒྱུད་ཅེས་པ་གཉིས་ཡིན་ཏེ། དང་པོར་རྒྱུད་ཤིན་ཏུ་རྒྱས་པར་གསུངས་པ་ཕྱིས་ཀྱི་གདུལ་བྱ་སྔ་མ་ལ་བལྟོས་ན་ཚེ་དང་ཤེས་རབ་སོགས་དམན་པས་བདེ་བླག་ཏུ་ཁོང་དུ་ཆུད་མི་ནུས་པའི་དོན་དུ་སྔ་མ་ལས་བསྡུས་ནས་བསྟན་པའོ། །དེ་གཉིས་ནི་རྒྱུད་ཀྱི་ཚིག་རྒྱས་བསྡུས་ཀྱི་དབྱེ་བ་ཙམ་མ་གཏོགས་པ་གཉིས་ཀ་རྩ་རྒྱུད་ཡིན་པས་སྔ་མ་ཕྱི་མའི་རྩ་རྒྱུད་དུ་འགྲོ་བ་མིན་ནོ། །ཞེས་གསུངས་པ་ལྟར་རོ། །རྩ་རྒྱུད་ཅེས་པའི་རྩ་བའི་དོན་ལ། ཡན་ལག་ལ་བལྟོས་ནས་བཞག་པ་དང༌། དུས་སྔ་ཕྱིའི་རིམ་པས་བཞག་པ། རྩ་འགྲེལ་གྱི་སྒོ་ནས་བཞག་པ་དང་གསུམ་ཡོད་དེ། རྗེའི་རིམ་ལྔ་གསལ་སྒྲོན་ལས། ཡལ་ག་ལ་བལྟོས་ནས་ཤིང་སྡོང་པོའི་རྩ་བའི་ཐ་སྙད་བྱེད་པ་ལྟར་ཡན་ལག་ལ་བལྟོས་ནས་བཞག་པ་གཅིག་དང༌། དང་པོའི་བདག་པོ་ལ་རྩ་བའི་བདག་པོ་ཞེས་བརྗོད་པ་ལྟར་གྱི་དུས་ཀྱི་དབང་དུ་བྱས་པ་རྒྱུད་ཕྱི་མ་ལ་བལྟོས་ནས་བཞག་པ་གཅིག་དང༌། རྩ་བ་དང་འགྲེལ་པ་ཞེས་བརྗོད་པ་ལྟར་བཤད་རྒྱུད་ལ་བལྟོས་ནས་བཞག་པ་གཅིག་སྟེ་གསུམ་སྣང་ངོ༌། །ཞིབ་པ་རྗེའི་རིམ་ལྔ་གསལ་སྒྲོན་ལས་ཤེས་པར་བྱའོ། །