10303

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་ལམ་སྦྱང་བ
Tibetan Definition རྩ་ལམ་རྣག་ཁྲག་ཆུ་སེར་ནད་ཚང་ཚིང་ལྗན་ལྗིན་སོགས་ཀྱིས་འགགས་པ་སེལ་བའི་རྫོགས་རིམ་གྱི་རྣལ་འབྱོར་ཞིག དེ་བསྒོམ་པའི་ཚུལ་ནི། རང་གི་ཤིན་ཏུ་ཕྲ་བའི་རླུང་སེམས་བླ་མ་ཡི་དམ་ངོ་བོ་དབྱེར་མེད་ཀྱི་ཐིག་ལེ་དཀར་དམར་སྲན་མ་འབྲིང་པོའམ། ཡུངས་འབྲུ་ཙམ་སྙིང་གར་ཡོད་པ་དེས་སྤྱི་བོའི་རྩ་འཁོར་ཆགས་ལུགས་སོགས་ལ་བལྟ་བར་བྱའོ་སྙམ་པའི་འཕེན་པ་དང་ལྡན་པས་འོད་ཀྱི་གོང་བུར་འདྲིལ་ནས་དབུ་མའི་ནང་བརྒྱུད་དེ་སྤྱི་བོའི་རྩ་འཁོར་གྱི་དབུས་སུ་སོང༌། ལུས་དང་དེ་ལ་བརྟེན་པའི་རྩ་རླུང་ཐིག་ལེའི་གནས་ཚུལ་སྤྱི་དང༌། ཁྱད་པར་སྤྱི་བོའི་རྩ་འཁོར་གྱི་གནས་ཚུལ་ལ་བལྟ་རྟོག་དང་དཔྱད་པ་བྱས་པས་གསལ་བར་མཐོང༌། ཞིབ་ཏུ་དཔྱོད་པའི་ཕྱིར་ཤར་གྱི་རྩ་འདབ་ཀྱི་སྐྱོན་སྦྱང་བར་བྱའོ་སྙམ་པའི་འཕེན་པ་དང་ལྡན་པས། དེའི་རྩེ་མོའི་བར་ཕྲི་ལི་ལི་འདྲིལ་ནས་རྩེ་མོར་སླེབས་པ་ན་ཅུང་ཟད་བསྡད། སླར་ཡང་དབུས་སུ་འོང་ནས་ངལ་བསོས། དེ་འདྲ་ཡང་ཡང་བྱས་པས་ཤར་གྱི་རྩ་ཆད་པ་མཐུད། ཡོ་བ་བསྲངས། ཞར་བ་བསལ། འཁུམ་པ་རེངས། རྣག་ཁྲག་ཆུ་སེར་ནད་ཚང་ཚིང་ལྗན་ལྗིན་སོགས་འགགས་པ་བསལ། གྱོང་བ་མཉེན། ཁུམ་པ་ཐར་བཅད་ནས་ཆུ་ཤིང་གི་སྡོང་པོ་ལྟར་འདྲོང་བར་བྱས་ཏེ་རྩ་འདབ་ནས་རླུང་ཅི་ལྟར་བསྡུ་འདོད་ཀྱང་ཚེགས་མེད་པར་བསྡུས་ཆོག་སྙམ་པ་བྱས། དེ་ལྟར་རྩ་འཁོར་སོ་གཉིས་ལ་འགྲོ་འོང་སོ་གཉིས་ཀྱིས་སྤྱི་བོའི་རྩ་འཁོར་སྦྱངས། དེ་ནས་མགྲིན་པ། སྙིང་ག ལྟེ་བ། གསང་གནས། ནོར་བུའི་དབུས་ཀྱི་རྩ་འཁོར་རྣམས་ལའང་སྔར་ལྟར་སྦྱངས། རྫོགས་རིམ་རྩལ་དུ་འདོན་ན་ཞག་གྲངས་མང་པོར་རྩའི་གསལ་སྣང་སྒྲུབ་སྟེ། དབུ་མའི་ཡར་སྣེ་ནས་རླུང་བུས་ན་རྩ་འཁོར་ཐམས་ཅད་ཀྱི་རྩེ་མོ་ནས་རླུང་སི་རི་རི་འབྱུང་བའི་ཚོད་ལྟ་བུ་དང༌། རྩ་གནས་ཐམས་ཅད་བུ་ག་ཧ་རེ་གསལ་བར་མཐོང་བ་ལྟ་བུའི་དོན་སྤྱི་ཡིད་ངོར་འཆར་ངེས་ཀྱི་བར་སྦྱངས་ན་ལེགས་པར་གསུང་ངོ༌། །