From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྩ་ལྟུང་བཅོ་བརྒྱད
|
Tibetan Definition
|
(དབུ་མ) བྱང་སེམས་ཀྱི་རྩ་ལྟུང་བཅོ་བརྒྱད་ནི། ༡ བདག་བསྟོད་གཞན་སྨོད་ཀྱི་རྩ་ལྟུང༌། ༢ ཆོས་ནོར་མི་སྟེར་བའི་རྩ་ལྟུང༌། ༣ སེམས་ཅན་ལ་འཚོག་པ་(རྡེག་པ)དང་ཤད་སྦྱང་མི་ལེན་པའི་རྩ་ལྟུང་། ༤ དམ་པའི་ཆོས་སྤོང་བ་དང་ཆོས་ལྟར་སྣང་སྟོན་པའི་རྩ་ལྟུང་། ༥ དཀོན་མཆོག་གི་དཀོར་མ་བྱིན་པར་ལེན་པའི་རྩ་ལྟུང་། ༦ དམ་ཆོས་སྤོང་བའི་རྩ་ལྟུང་། ༧ རབ་བྱུང་ལ་འཚེ་བའི་རྩ་ལྟུང་། ༨ མཚམས་མེད་བྱེད་པའི་རྩ་ལྟུང་། ༩ ལོག་ལྟ་འཛིན་པའི་རྩ་ལྟུང་། ༡༠ གནས་འཇིག་པའི་རྩ་ལྟུང་། ༡༡ སྣོད་མིན་ལ་ཟབ་མོ་བཤད་པའི་རྩ་ལྟུང་། ༡༢ ཐེག་ཆེན་ལས་བཟློག་པའི་རྩ་ལྟུང་། ༡༣ སོ་ཐར་སྤོང་བའི་རྩ་ལྟུང་། ༡༤ ཉན་ཐོས་ཀྱི་ཐེག་པ་ལ་སྐུར་བ་འདེབས་པའི་རྩ་ལྟུང་། ༡༥ (བརྫུན་གྱིས) བདག་བསྟོད་གཞན་སྨོད་ཀྱི་རྩ་ལྟུང་། ༡༦ མི་ཆོས་བླ་མ་བརྫུན་སྨྲའི་རྩ་ལྟུང་། ༡༧ དཀོན་མཆོག་གི་དཀོར་ལེན་པའི་རྩ་ལྟུང་། ༡༨ ཁྲིམས་ངན་འཆའ་བའི་རྩ་ལྟུང་དང་བཅོ་བརྒྱད་དོ། །འདི་ནི་སྡོམ་པ་ཉི་ཤུ་པ་དང་། རྗེའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྣམ་བཤད་བྱང་ཆུབ་གཞུང་ལམ་༤༧བ༦ལས་གསུངས་པ་ལྟར་བཀོད་དོ། །དོགས་གཅོད། འདིར་རྩ་ལྟུང་ཞེས་ཐ་སྙད་བྱེད་ཀྱང་རྗེའི་བྱང་ཆུབ་གཞུང་ལམ་ལས་ཕམ་པའི་ཐ་སྙད་མཛད་ཡོད་དོ། །ཅུང་ཟད་ཞིབ་ཏུ་བཤད་ན།༡ བདག་ལ་བསྟོད་པ་དང་གཞན་ལ་སྨོད་པ། རྙེད་དང་བཀུར་སྟི་ལ་ལྷག་པར་ཞེན་ཏེ་བདག་ལ་བསྟོད་པ་དང་གཞན་ལ་སྨོད་པ་བྱང་སེམས་ཀྱི་ཕམ་པ་ལྟ་བུའི་གནས་དང་པོའོ། །༢ ཆོས་མི་སྟེར་བ་དང་ནོར་མི་སྟེར་བ། ལོངས་སྤྱོད་དག་ཡོད་དེ་བདོག་བཞིན་དུ་ཆགས་པའི་རང་བཞིན་ཅན་གྱིས་སྡུག་བསྔལ་བ་དང་བཀྲེན་པ་དང་མགོན་མེད་པ་དང་། རྟེན་མེད་པའི་སློང་བ་པོ་ལེགས་པར་འོངས་པ་རྣམས་ལ་སྙིང་སྲ་བས་ཟང་ཟིང་མི་གཏོང་བ་དང་སེར་སྣ་བྱེད་པའི་ཕྱིར་དོན་དུ་གཉེར་བ་ལེགས་པར་འོངས་པ་རྣམས་ལ་ཆོས་ཀྱི་བགོ་བཤའ་མི་བྱེད་པ་བྱང་སེམས་ཀྱི་ཕམ་པའི་གནས་ལྟ་བུའི་ཆོས་གཉིས་པའོ། །༣ སེམས་ཅན་ལ་འཚོག་པ་དང་ཤད་སྦྱང་མི་ལེན་པ། གང་གིས་བྱང་ཆུབ་སེམས་དཔའི་ཚིག་རྩུབ་མོ་སྨྲས་པ་ཙམ་གྱིས་གཏོང་བར་མི་བྱེད་དེ་ཁྲོ་བའི་ཀུན་ནས་དཀྲིས་པ་དེ་ལྟ་བུ་འཕེལ་བར་བྱེད་ལ་ཁྲོ་བས་ཟིལ་གྱིས་ནོན་ནས་ལག་པའམ་བོང་བའམ་དབྱུགས་པས་སེམས་ཅན་རྣམས་ལ་རྡེག་པར་བྱེད་རྣམ་པར་འཚེ་བར་བྱེད་རྣམ་པར་མཐོ་འཚམ་པར་བྱེད་ཅིང་། ཁྲོ་བའི་བསམ་པ་བདོ་བ་ཁོན་ཞེ་ལ་བཟུང་སྟེ་གཞན་དག་གིས་ཤད་ཀྱིས་སྦྱངས་ཀྱང་མི་ཉན་ཞིང་མི་བཟོད་ལ་བསམ་པས་མི་གཏོང་བ་འདི་ཡང་བྱང་སེམས་ཀྱི་ཕམ་པའི་གནས་ལྟ་བུའི་ཆོས་གསུམ་པའོ། །༤ དམ་པའི་ཆོས་སྤོང་བ་དང་ཆོས་ལྟར་སྣང་སྟོན་པ། བྱང་སེམས་ཀྱི་སྡེ་སྣོད་ལ་སྐུར་བ་འདེབས་པ་དང་བདག་ཉིད་དམ་གཞན་དག་གི་གཡམ་ལ་དམ་པའི་ཆོས་ལྟར་བཅོས་པ་ལ་མོས་ནས་དེ་ལ་དགའ་བ་དང་སྟོན་པ་དང་འཇོག་པ་ནི་བྱང་སེམས་ཀྱི་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པའོ། །སྡོམ་པ་ཉི་ཤུ་པ་ལས། ༡ རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། །༢ སྡུག་བསྔལ་མགོན་མེད་འགྱུར་བ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །༣ གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་གསུངས་སོ། །སྡོམ་ནི། བདག་བསྟོད་གཞན་སྨོད་ཆོས་ནོར་མི་སྟེར་ཞིང་། །གཞན་ལ་རྡེག་ཅིང་བཤགས་ཀྱང་མི་ཉན་དང་། །ཐེག་ཆེན་སྤོང་དང་ལྟར་སྣང་ཆོས་སྟོན་པ། །བཞི་པོ་འདི་དག་ཕམ་འདྲའི་ཆོས་བཞི་ཡིན། །ཞེས་འབྱུང་བ་ལྟར་རྩ་ལྟུང་བཞི་པོ་རྣམས་སོ་སོར་ཕྲལ་ན་བདག་ལ་བསྟོད་པ་དང་གཞན་ལ་སྨོད་པ་སོགས་བརྒྱད་དུ་འགྱུར་བ་ཡིན་ནོ། །སྡོམ་པ་ཉི་ཤུ་པ་དང་རྗེའི་བྱང་ཆུབ་གཞུང་ལམ་གཉིས་ཀར་དེ་ལྟར་གསུངས་སོ། །༥ དཀོན་མཆོག་གི་དཀོར་མ་བྱིན་པར་ལེན་པའི་ཕམ་པ།(འདིའི་དཀོན་མཆོག་ནི་དཀོན་མཆོག་གསུམ་ག་དང་། དེ་ཡང་སངས་རྒྱས་ནི་སངས་རྒྱས་དངོས་སམ་སྐུ་གཟུགས་སོགས་གང་རུང་། ཆོས་ནི་ལུང་རྟོགས་གཉིས། དགེ་འདུན་ནི་ཕྱོགས་བཅུའི་དགེ་འདུན་ནོ) ༦ དམ་ཆོས་སྤོང་བའི་ཕམ་པ། (འདིའི་དམ་ཆོས་ནི། རྗེའི་བྱང་ཆུབ་གཞུང་ལམ་༥༨བ༢ལས། ཐེག་པ་གསུམ་དང་ལྡན་པའི་མདོ་སྡེ་གང་རུང་ངོ་། །ཞེས་གསུངས་པ་ལྟར་རོ། །སྤོང་ཚུལ་ནི། དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ། །ཞེས་སྐུར་བ་འདེབས་པའོ) ༧ རབ་བྱུང་ལ་འཚེ་བའི་ཕམ་པ། (རྗེའི་བྱང་ཆུབ་གཞུང་ལམ་༥༩ན༥ལས། འཚེ་བའི་ཡུལ་ནི། མདོ་ལས་སངས་རྒྱས་ཀྱི་རྗེས་སུ་རབ་ཏུ་བྱུང་བ་བྱས་པ་བསླབ་པའི་གཞི་བཟུང་མ་བཟུང་དང་ཚུལ་ཁྲིམས་འཆལ་བ་དང་ཚུལ་ལྡན་གང་རུང་ལ་གསུངས་ཤིང་། ཚིགས་བཅད་དེ་ལའང་འང་གི་སྒྲ་ཡོད་པས་ཚུལ་ཁྲིམས་འཆལ་བའི་དགེ་སློང་ཞེས་པ་མཚོན་པ་ཙམ་མོ། །འཚེ་བ་ཇི་ལྟར་བྱས་པ་ལ་ཀུན་སློང་ནི། ཡུལ་དེ་ལ་གནོད་ཅིང་འཚེ་བའི་བསམ་པ་སྟེ་ཉོན་མོངས་ཅན་ནོ། །སྦྱོར་བ་ནི། གོས་ངུར་སྨྲིག་འཕྲོག་པ་དང་རབ་བྱུང་ལས་ཕབ་སྟེ་ཁྱིམ་ན་གནས་པ་བྱེད་དུ་འཇུག་པ་གང་རུང་བྱས་པའོ། །ཞེས་གསུངས་སོ) ༨ མཚམས་མེད་བྱེད་པའི་ཕམ་པ། ༩ ལོག་ལྟ་འཛིན་པའི་ཕམ་པ། ༡༠ གནས་འཇིག་པའི་ཕམ་པ། ༡༡ སྣོད་མིན་ལ་ཟབ་མོ་བཤད་པའི་ཕམ་པ། ༡༢ ཐེག་ཆེན་ལས་བཟློག་པའི་ཕམ་པ། (ཐེག་ཆེན་ལ་ཞུགས་པ་ལ་ཁྱོད་ཀྱིས་ཕྱིན་དྲུག་སྤྱད་པར་མི་ནུས་ཤིང་འཚང་རྒྱ་བར་མི་ནུས་ཀྱིས་ཉན་རང་ལ་གཞུག་པར་རིགས་སོ་ཞེས་སེམས་ཤུགས་ཉམས་སུ་བཅུག་སྟེ་ཐེག་ཆེན་ལས་བཟློག་ཏུ་འཇུག་པའོ) ༡༣ སོ་ཐར་སྤོང་བའི་ཕམ་པ། (རྗེའི་བྱང་ཆུབ་གཞུང་ལམ་༦༠བ༣ལས། འདུལ་བའི་ཚུལ་ཁྲིམས་དག་པས་ཅི་ཞིག་བྱ་རྫོགས་བྱང་དུ་སེམས་བསྐྱེད་ལ་ཐེག་ཆེན་ལྷོགས་ཤིག་དང་ཉོན་མོངས་པའི་རྐྱེན་གྱིས་བྱུང་བའི་སྒོ་གསུམ་གྱི་ཉེས་སྤྱོད་ཐམས་ཅད་དག་པར་འགྱུར་རོ་ཞེས་སེམས་བསྐྱེད་དང་ཐེག་ཆེན་བཀླགས་པ་ཙམ་གྱིས་འདག་པར་སྨྲ་བའོ། །ཞེས་གསུངས) ༡༤ ཉན་ཐོས་ཀྱི་ཐེག་པ་ལ་སྐུར་བ་འདེབས་པའི་ཕམ་པ། (རྗེའི་བྱང་ཆུབ་གཞུང་ལམ་༦༡ན༢ལས། སྐུར་བ་འདེབས་པའི་ཚུལ་ནི། ཐེག་པ་དེ་དག་ལ་ཇི་ཙམ་བསླབས་ཀྱང་ཉོན་མོངས་པ་མཐར་འབྱིན་པའམ་མ་ལུས་པར་སྤོང་མི་ནུས་སོ་ཞེས་བསམ་པ་ཐག་པ་ནས་སྐུར་བ་འདེབས་པའོ། །ཞེས་དང་། ཡང་དེ་ཉིད་ལས། ཕམ་པ་འདི་དང་ཕམ་པ་གཉིས་པའི་ཉན་རང་གི་ཆོས་སྤངས་པ་གཉིས་ནི་མི་འདྲ་སྟེ། སྔ་མ་ལུང་ཡིན་ལ་འདི་རྟོགས་པ་ཡིན་པ་དང་སྔ་མ་ནི་རྒྱལ་བས་མ་གསུངས་ཞེས་སྤོང་ལ་འདི་ནི་སྲིད་པའི་རྩ་བ་གཅོད་མི་ནུས་པས་འཁོར་བ་ལས་འབྱུང་བར་མི་ནུས་ཞེས་སྤོང་བའི་ཕྱིར་རོ། །ཞེས་གསུངས) ༡༥ (བརྫུན་གྱིས)བདག་བསྟོད་གཞན་སྨོད་ཀྱི་ཕམ་པ། (བྱང་ཆུབ་གཞུང་ལམ་༥༡བ༤ལས། རྙེད་བཀུར་དང་ཚིགས་བཅད་ཀྱི་ཆེད་དུ་ཐེག་ཆེན་འདོན་པ་དང་ཀློག་པ་དང་སྟོན་པ་སོགས་བྱེད་བཞིན་དུ་བདག་ནི་རྙེད་བཀུར་སོགས་ལ་མི་ལྟ་བའི་ཐེག་ཆེན་པ་ཡིན་གྱི་གཞན་ནི་མིན་ནོ་ཞེས་ལྕེ་གཉིས་བྱེད་པའོ། །ཞེས་གསུངས།) ༡༦ མི་ཆོས་བླ་མ་བརྫུན་སྨྲའི་ཕམ་པ།(བྱང་ཆུབ་གཞུང་ལམ་༦༢ན༦ལས། སྟོང་པ་ཉིད་ཀྱི་ཆོས་བསྟན་ནས་འདི་ནི་ཁོ་བོས་མངོན་སུམ་དུ་བྱས་ནས་ཁྱོད་ལ་སྙིང་བརྩེ་བས་བསྟན་གྱི་ཁྱོད་ཀྱིས་ཀྱང་འདི་མངོན་སུམ་དུ་འགྱུར་བ་དེ་ལྟར་སྒོམས་ཤིག་དང་ཁོ་བོ་དང་འདྲ་བར་འགྱུར་རོ། །ཞེས་སྨྲ་བའོ། །ཞེས་གསུངས་པ་ལྟར་རོ) ༡༧ དཀོན་མཆོག་གི་དཀོར་ལེན་པའི་ཕམ་པ། (རྗེའི་བྱང་ཆུབ་གཞུང་ལམ་༦༦བ༣ལས། འདི་ནི་མདུན་ན་འདོན་དང་བློན་པོ་སོགས་ཀྱིས་རྒྱལ་རིགས་རྣམས་ལ་བརྟེན་ནས་དགེ་སྦྱོང་ལ་ནོར་གྱི་ཆད་པས་གཅོད་ལ། དེ་ལྟར་བྱས་པ་ན་དེ་དག་གིས་གང་ཟག་གིའམ་དགེ་འདུན་གྱིའམ་ཕྱོགས་བཞིའི་དགེ་འདུན་གྱིའམ་མཆོད་རྟེན་གྱི་ཡོ་བྱད་དག་རྐུར་བཅུག་ནས་དེ་དག་ལ་གསུག་ཏུ་འབུལ་ལོ། །དེ་དག་གིས་ཀྱང་རྒྱལ་རིགས་ལ་འབུལ་ཏེ་རྒྱལ་པོ་དང་བློན་པོ་སོགས་ལ་རྩ་ལྟུང་ངོ་། །ཞེས་གསུངས) ༡༨ ཁྲིམས་ངན་འཆའ་བའི་ཕམ་པ། (རྗེའི་བྱང་ཆུབ་གཞུང་ལམ་༦༧ན༡ལས། ཁྲིམས་འཆའ་བའི་ཡུལ་ནི། ཆོས་སྤྱོད་པའི་དགེ་སློང་རྣམས་སོ། །ཁྲིམས་ཇི་ལྟར་བཅས་པ་ནི། དེ་དག་རྣམས་ལ་བརྩེ་བའི་བསམ་པས་(འདིའི་བརྩེ་བ་ནི་བྱམས་སྙིང་རྗེའི་བརྩེ་བ་ལ་མི་གོ་བར་མི་བཟོད་པའམ་འཚེ་བའི་བསམ་པ་ལ་གོ་དགོས)ཞི་གནས་དང་ལྷག་མཐོང་དང་མཐུན་པའི་ཡིད་བྱེད་འདོར་བ་དང་ཉོན་མོངས་པ་མང་དུ་འགྱུར་བའི་ཁྲིམས་བཅས་པའོ། །ཞེས་གསུངས) ༧སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་ཐུན་དྲུག་བླ་མའི་རྣལ་འབྱོར་ལས། བྱང་སེམས་ཀྱི་རྩ་ལྟུང་བཅོ་བརྒྱད་ལ་བསྔོ་བགྲང་བྱ་བ་ནི། བདག་བསྟོད་གཞན་སྨོད་༡ཆོས་ནོར་མི་སྟེར་༢ཞིང༌། །བཤགས་ཀྱང་མི་ཉན་༣ཐེག་ཆེན་སྤོང་བ་༤དང༌། (དོགས་གཅོད། བྱང་སེམས་ཀྱི་རྩ་ལྟུང་བཅོ་བརྒྱད་ལས་དང་པོ་བཞི་ལ་ཕྱེ་ན་བརྒྱད་དུ་འགྱུར་དགོས་པས། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་ཐུན་དྲུག་བླ་མའི་རྣལ་འབྱོར་ལས། གཞན་ལ་འཚོག་པ་དང་། དམ་ཆོས་འདྲར་སྣང་སྟོན་པ་གཉིས་མི་འབྱུང་བས། སྡོམ་པ་ཉི་ཤུ་པ་དང་རྗེའི་བྱང་ཆུབ་གཞུང་ལམ་གཉིས་ཀ་དང་མི་མཐུན་པས་ནོར་བའི་སྐྱོན་དུ་མཐོང་ངོ་། །དེ་ཡང་སྡོམ་པ་ཉི་ཤུ་པ་ལས། གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་གསལ་བར་གསུངས་སོ། །དེས་ན། བདག་བསྟོད་གཞན་སྨོད་ཆོས་ནོར་མི་སྟེར་ཞིང་། །བཤགས་ཀྱང་མི་ཉན་གཞན་ལ་རྡེག་པ་དང་། །ཐེག་ཆེན་སྤོང་དང་ལྟར་སྣང་ཆོས་སྟོན་པའོ། །ཞེས་འདོན་དགོས་སོ) །དཀོན་མཆོག་དཀོར་འཕྲོག་༥ཆོས་སྤོང་༦ངུར་སྨྲིག་འཕྲོག ༧།མཚམས་མེད་ལྔ་༨་དང་ལོག་ལྟ་༩གྲོང་སོགས་འཇོམས་༡༠། །མ་སྦྱངས་སྟོང་ཉིད་་བསྟན་༡༡དང་རྫོགས་བྱང་བཟློག༡༢ །སོ་ཐར་སྤོང་༡༣དང་ཉན་སྨོད་༡༤ཟབ་བརྫུན་སྨྲ༡༥། །མཆོག་གསུམ་དཀོར་ལེན་༡༦ཁྲིམས་ངན་འཆའ་༡༧སེམས་གཏོང༌༡༨། །(གོང་དུ་བཤད་པའི་རྩ་ལྟུང་བཅོ་བརྒྱད་ལས། ལོག་ལྟ་དང་སེམས་གཏོང་བ་གཉིས་མ་གཏོགས་པ། གཞན་བཅུ་དྲུག་ལ་ཀུན་དཀྲིས་བཞི་པོ་གང་རུང་ཞིག་ཚང་དགོས་སོ) ཉེས་དམིགས་མི་བལྟ་༡སྤྱོད་འདོད་མ་ལོག་༢དང༌། །དགའ་མགུ་༣ངོ་ཚ་ཁྲེལ་མེད་༤ ཀུན་དཀྲིས་བཞི། །ཚང་དགོས་བཅུ་དྲུག་མི་དགོས་ལོག་ལྟ་དང༌། །སེམས་འདོར་གཉིས་བཅས་རྩ་ལྟུང་བཅོ་བརྒྱད་བསྲུང༌། །(རྩ་ལྟུང་བཅོ་བརྒྱད་ཀྱི་གྲངས་འདྲེན་ལ་དོགས་གཅོད) སློབ་དཔོན་ཙནྡྲ་གོ་མིའི་སྡོམ་པ་ཉི་ཤུ་པ་དང་རྗེའི་བྱང་སེམས་ཀྱི་རྩ་ལྟུང་གི་རྣམ་བཤད་ལས་རྩ་ལྟུང་བཅོ་བརྒྱད་འདྲེན་པའི་ཚེ་བྱང་སེམས་འདོར་བ་མི་འབྱུང་བར་དེའི་དོད་ལ་བདག་བསྟོད་གཞན་སྨོད་གོང་འོག་ཏུ་ལན་གཉིས་འབྱུང་ལ། འོན་ཀྱང་སྐྱབས་རྗེ་ཕ་བོང་ཁ་པའི་ཐུན་དྲུག་བླ་མའི་རྣལ་འབྱོར་དུ། བདག་བསྟོད་གཞན་སྨོད་དང་པོ་དང་བཅུ་བཞི་པ་གཉིས་ཀར་འབྱུང་བ་དེ་གཉིས་ཟློས་སྐྱོན་ལྟ་བུར་གཟིགས་ནས། དེ་གཉིས་ལས་གཅིག་དོར་ནས། བྱང་སེམས་འདོར་བ་བསྣན་ཏོ། །དེ་ཡང་ཁུངས་མེད་པ་མ་ཡིན་པར་ཐབས་ལ་མཁས་པའི་མདོ་ལས་འདི་རྩ་ལྟུང་དུ་གསུངས་པས་དེ་ལ་བསམས་ནས་བཀོད་པར་སེམས་སོ། །(ཀུན་དཀྲིས་གསུམ་གྱི་ཁྱད་པར) ཀུན་དཀྲིས་ཆེ་འབྲིང་ཆུང་གསུམ་གྱི་ཁྱད་པར་ནི། ཉེས་དམིགས་མི་བལྟ་བ། སྤྱོད་འདོད་མ་ལོག་པ། དགའ་ཞིང་མགུ་བ། ངོ་ཚ་ཁྲེལ་མེད་བཅས་བཞི་པོ་ཐམས་ཅད་ཚང་ན། ཀུན་དཀྲིས་ཆེན་པོ། ཉེས་དམིགས་སུ་མི་བལྟ་བ་འདི་ཀུན་དཀྲིས་བཞི་ལས་ཚབས་ཆེ་ཤོས་ཡིན་པས་འདི་ཡོད་ན། གཞན་གསུམ་ག་མེད་ཀྱང་། ཀུན་དཀྲིས་འབྲིང་། ཉེས་དམིགས་སུ་བལྟ་བ་མེད་ན། གཞན་གསུམ་ག་ཚང་ཡང་། ཀུན་དཀྲིས་ཆུང་ངུ་ཞེས་བྱའོ། །རྗེའི་བྱང་སེམས་ཀྱི་རྩ་ལྟུང་གི་རྣམ་བཤད་༦༥ན༣ལས། ཀུན་དཀྲིས་ཆེན་པོ་ངོས་གཟུང་བ་ནི་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་འདི་དག་རྒྱུན་མ་ཆད་པར་ཀུན་ཏུ་སྤྱོད་པ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཆུང་ངུ་ཙམ་ཡང་མི་སྐྱེད་པ་དང་དེས་མགུ་བར་བྱེད་ཅིང་དེ་ལ་དགའ་བ་དང་དེ་ཉིད་ལ་ཡོན་ཏན་དུ་ལྟ་བ་ཅན་དུ་གྱུར་པ་འདི་ནི་ཀུན་ནས་དཀྲིས་པ་ཆེན་པོ་ཡིན་པར་རིག་པར་བྱའོ། །ཞེས་དང་། ཡང་དེ་ཉིད་༧༢ན༡ལས། དེས་ན་ཀུན་དཀྲིས་ཆེན་པོའི་ཡན་ལག་མ་ཚང་བའི་ཉེས་དམིགས་སུ་ལྟ་བ་འདུག་ན་ལྷག་མ་ཐམས་ཅད་ཚང་ཡང་ཆུང་ངུར་ཤེས་པར་བྱ་ལ་ཉེས་དམིགས་སུ་ལྟ་བ་མི་འདུག་ན་འབྲིང་དུ་ཤེས་པར་བྱའོ། །ཞེས་གསུངས་སོ། །
|