10347

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩི་མ་གྷི
Tibetan Definition (གསོ་རིག) 1 གླ་རྩིའི་མིང་། བརྒྱད་སྟོང་པ་དང་བློ་སྦྱོང་ཉི་མའི་འོད་ཟེར་སོགས་སུ་རྩི་མ་གྷི་ཞེས་བྲིས། གཞན་དུ་རྩི་མ་གི་ཞེས་ཀྱང་བྲིས་སྣང་། སྨན་གཞུང་ལས། གླ་རྩི་ལ་མ་གི་ཏ་ཞེས་འབྱུང་བས་ཕལ་ཆེར་གྱིས་རྩི་མ་གི་ཏ་གླ་རྩི་ཡིན་ཟེར། སྨན་གཞུང་དྲི་མེད་ཤེལ་ཕྲེང་ལས་གླ་རྩིའི་མིང་གི་རྣམ་གྲངས་ལ། མྲྀ་ག་མ། ཟེར་བ་ཞིག་འདུག་པ་དེ་ཡིན་ནམ་སྙམ། འཕགས་པ་བརྒྱད་སྟོང་པ་ལས། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་དུ་བྱེད་པ་དེ་ཚེ་འདི་ལ་ཡོན་ཏན་འདི་དག་ཀྱང་ཡོངས་སུ་འཛིན་པར་འགྱུར་རོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན་རྩི་མ་གྷི་ཞེས་བྱ་བ་དུག་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞིག་ཡོད་དེ་དེར་སྐྱེ་བོ་སྤྲུལ་གདུག་པ་བཀྲེས་ཤིང་ཟས་འདོད་དེ་ཟས་ཚོལ་བ་ཞིག་གིས་སྲོག་ཆགས་སུ་གྱུར་པ་འགའ་ཞིག་མཐོང་སྟེ་སྐྱེ་བོ་སྦྲུལ་གདུག་པ་དེས་ཟས་ཀྱི་ཕྱིར་བཟའ་བར་འདོད་ནས་སྲོག་ཆགས་སུ་གྱུར་པ་དེའི་དྲིའི་ཕྱོགས་སུ་འབྲང་ཞིང་བསྙགས་པ་དག་དེ་ནས་སྲོག་ཆགས་སུ་གྱུར་པ་དེ་རྩི་མ་གྷི་གང་ན་ཡོད་པ་དེར་སོང་ནས་ཕྱིན་ཏེ་འདུག་པ་དང་དེ་ནས་སྤྲུལ་དེ་རྩི་དེའི་དྲི་ཙམ་གྱིས་ཕྱིར་ལྡོག་གོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སྦྲུལ་གྱི་གདུག་པ་ཟིལ་གྱིས་གནོན་པ་དེ་ནི་རྩི་དེའི་སྨན་གྱི་ཡོན་ཏམ་དུ་བལྟ་བར་བྱ་སྟེ་རྩི་དེ་ནི་དེ་ལྟར་མཐུ་ཆེའོ། །ཞེས་གསུངས་པ་ལྟར་རོ། །དེའི་ཐད་ཀྱི་བརྒྱད་སྟོང་པའི་འགྲེལ་པ་སྙིང་པོ་མཆོག་ལས། རྩི་ཞེས་བྱ་བ་ལ་ཨུ་ཤ་ནི་བུས་པའོ། །དེ་འཛིན་པ་ནི་བུས་བ་འཛིན་པ་སྟེ་རྩི་མ་གིའོ། །ཞེས་གསུངས། 2 རྒྱ་གར་ལྷོ་ཕྱོགས་ན་སྦྲུལ་སྲུང་བྱེད་ཀྱི་སྔོ་ལྡུམ་དྲི་ཤིན་ཏུ་ངན་པ་རིང་ཐུང་ཁྲུ་གང་མ་ལོངས་ཙམ་པ་ཞིག་འདུག་པ་དེ་ཡིན་ཡང་སྲིད། སེ་རར་དུག་སྦྲུལ་ཤིན་ཏུ་མང་བས་ཁོ་བོས་ཀྱང་སྔོ་ལྡུམ་དེ་ཉོས་ཏེ་ཚལ་ཤིང་ནང་བཙུགས་ཤིང་། ཉིན་ཞིག་དུག་སྦྲུལ་ཞིག་གིས་སྦལ་པ་ཞིག་ཟོས་ཏེ་རྡོ་ཞིག་གི་འོག་ཏུ་སོང་། ངེད་ཅག་གིས་རྩེ་མཚར་གྱི་ཚུལ་དུ་སྔོ་ལྡུམ་དེ་དུག་སྦྲུལ་གྱི་སྣར་སུབ་སུབ་བྱས་པས་ཁོ་བཟི་སྟེ་གང་འཚམས་ཤིག་ནས་སྦལ་པ་དེ་ཡར་བསྐྱུགས་སོང་། ཕལ་ཆེར་སྔོ་ལྡུམ་དེ་ཡིན་ཤས་ཆེ། དབྱངས་ཅན་དགའ་བློའི་བློ་སྦྱོང་ཉི་མའི་འོད་ཟེར་གྱི་བརྡ་བཀྲོལ་ལས་ཀྱང་། ཡང་རྩང་དང་སྙག་ཟེར་བའི་སྔོ་སྨན་མ་གི་ཏ་སྐྱེས་སར་དུག་མི་སྐྱེ་ཞིང་སྦྲུལ་མི་འབྱུང་བར་བཤད་ཅིང་། སྡོང་པོ་བཀོད་པའི་མདོ་ལས། མཆུ་ཞེས་བྱ་བའི་རྩི་ཡོད་དེ། དེ་འཆང་ན་དྲི་ཚོར་བ་ཙམ་གྱིས་སྦྲུལ་ཐམས་ཅད་འབྱེར་རོ། །ཞེས་གསུངས་པའི་རྩི་མ་གི་ནི་དེ་འདྲའི་རྩི་སྨན་ཞིག་ཡིན་ནམ་སྙམ། ཞེས་གསུངས་སོ། །