From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀཱརྵཱ་པ་ཎ
|
Tibetan Definition
|
(ལེགས་སྦྱར) 1 (འདུལ་བ) འགྲོན་བུའི་མིང་། སཾ་བོད་སྐད་གཉིས་ཤན་སྦྱར་རྣམས་སུ་བཤད། 2 དངུལ་ལས་བྱས་པའི་པ་ཎའམ་དོང་ཙེའི་བྱེ་བྲག་ཅིག འདི་ལ་འགྲོན་བུ་ཆིག་སྟོང་དྲུག་རྒྱའི་རིན་ཐང་གི་ཚད་ཡོད། ཀཱརྵཱ་པ་ཎ་ཞེས་པ་དངུལ་ལས་བྱས་པའི་དོང་ཙེ་ལ་གྲགས་ཆེ་ཞིང་། ལྷག་པར་འདུལ་བའི་རྐུ་ཕམ་གྱི་སྐབས་སུ་ཀཱརྵཱ་པ་ཎ་བཞི་ཆས་ཕམ་ཞེས་པའི། ཀཱརྵཱ་པ་ཎ་ནི་ངེས་པར་དངུལ་ལས་བྱས་པར་ངེས་སོ། །ལུང་ཞུ་བའི་འགྲེལ་པ་ལས། ཀཱརྵཱ་པ་ཎ་ནི་ཟོང་གི་ཁྱད་པར་ཏེ། དངུལ་ལས་བྱས་པ་གཟུགས་ (རི་མོ) དོད་པ་བཙོང་དུ་རུང་བ་ཡིན་ནོ། །ཞེས་གསུངས་སོ། །འདི་ལ་དབྱིབས་གོར་མོ་དང་ནར་མོ་ཡང་སྣང་། ཕྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་གི་ཀཱརྵཱ་པ་ཎའམ་དངུལ་གྱི་དོང་ཙེ་མང་པོའི་སྤར་རིས་ལོན་ཌོན་དབྱིང་ལེན་གྱི་འགྲེམས་སྟོན་ཁང་དང་དྲ་རྒྱ་སོགས་སུའང་མཐོང་རྒྱུ་འདུག གཤམ་གྱི་དྲ་རྒྱར་གཟིགས། ཡང་། ཀཱརྵཱ་པ་ཎ་ལ་ཟངས་དང་རག་དང་གསེར་བཅས་ལས་བྱས་པའང་ཡོད། མཚོ་ཊཱིཀ་སྟོད་ཆ་ལས། འོ་ན་ཀར་ཤ་པ་ན་དེ་ཇི་ལྟ་བུ་ཡིན་ཞེ་ན། ཀར་ཤ་པ་ན་མཚན་ཉིད་པ་དང་བཏགས་པ་བ་གཉིས་ལས། དང་པོ་ནི། དངུལ་ལ་བྱས་པ་དོང་ཙེའི་རྣམ་པ་འདྲ་བའི་རི་མོའི་ཁྱད་པར་དང་དབྱིབས་སུ་བྱས་པ་སྟེ། ཞུ་འགྲེལ་ལས། ཀར་ཤ་པ་ན་ནི་ཟོང་གི་ཁྱད་པར་སྟེ་དངུལ་ལས་བྱས་པ་གཟུགས་དོད་པ་བཙོང་དུ་རུང་བ་ཡིན་ནོ་ཞེས་བཤད་ཅིང། ལུང་ཞུ་བ་ཆེ་ཤོས་ལས་ཀ་ར་ཤ་པ་ཎ་ནི་ཇི་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ་ཞེས་གསུངས་སོ། །དེའང་སྔོན་རྒྱལ་པོ་རྨ་བྱ་བ་ཞེས་བྱ་བའི་ཁྲིམས་ལུགས་ལས་བྱུང་བ་སྟེ། ལུང་ཞུ་བ་ཆུང་ཤོས་ལས་ཀར་ཤ་པ་ན་ཇི་ལྟ་བུ་ལགས། རྒྱལ་པོ་རྨ་བྱ་བས་བྱས་པའོ་ཞེས་གསུངས་ཤིང་། ༼ ཞེས་པ་ནས༽གཉིས་པ་ཀར་ཤ་པ་ན་བཏགས་པ་བ་ནི་དེ་དང་རིན་མཉམ་པའི་མགྲོན་བུ་ལ་སོགས་པའི་དངོས་པོ་རྣམས་ཡིན་ནོ། །ཞེས་གསུངས་སོ། །མཚོ་ཊཱིཀ་ལས་ཀཱརྵཱ་པ་ན་ལ་དངོས་བཏགས་ཀྱི་ཁྱད་པར་གསུངས་པ་ལྟར་སྒྲ་ཇི་བཞིན་པར་ཁས་བླངས་ན་གནོད་བྱེད་ཕྲན་བུ་མཐོང་སྟེ། ཀཱརྵཱ་པ་ནའི་མིང་ཐོག་མར་འཇུག་ཡུལ་ནི། འགྲོན་བུ་ཉིད་དུ་ངེས་ཏེ། མི་ལོ་སུམ་སྟོང་བཞི་སྟོང་གོང་ཆེས་གནའ་སྔ་བོའི་དུས་སུ་འཚོང་སྒྱུར་བྱེད་པའི་ཚེ་ན། དངུལ་གྱི་ཚབ་ཏུ་ཀཱརྵཱ་པ་ན་སྟེ་འགྲོན་བུ་བེད་སྤྱོད་བྱེད་ཀྱི་ཡོད་ཅིང་། དེ་ནས་རིམ་གྱིས་ཕྱིས་སུ་མིའི་རྣམ་དཔྱོད་དང་དཔལ་འབྱོར་ཡར་རྒྱས་དང་བསྟུན་ནས་དངུལ་སོགས་ཀྱིས་བཟོས་པའི་དོང་ཙེ་བེད་སྤྱོད་བྱེད་མགོ་ཚུགས། དེ་ནས་གཞི་ནས་དངུལ་གྱི་དོང་ཙེ་ལ་ཀཱརྵཱ་པ་ནའི་མིང་དེ་ཐོགས་པ་རེད། དེར་བརྟེན་མཚོ་ཊཱིཀ་ཀྱི་དངོས་བཏགས་ཀྱི་ཁྱད་པར་དེ་གོ་ལྡོག་སྟེ་གསུངས་པར་སྣང་བས་ལེགས་པར་མི་སྣང་ངོ་། །འགྲོན་བུ་ནི་ཀཱརྵཱ་པ་ན་དངོས་དང་། དངུལ་གྱི་དོང་ཙེའམ་མངོན་མཚན་ཅན་ནི་ཀཱརྵཱ་པ་ན་བཏགས་པ་བར་ཁས་བླང་དགོས་སོ་སྙམ་མོ། །གཞན་ཡང་མཚོ་ཊཱིཀ་ཏུ་༼ རྒྱལ་པོ་རྨ་བྱ་བས ༽ཞེས་འཁོད་པ་ནི་ཡིག་ནོར་ཏེ། ༼རྒྱལ་པོ་རྨ་བྱ་བྱ་བས༽དག་བཅོས་དགོས་ཏེ། ཕྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་གི་རྒྱ་གར་གྱི་རྒྱལ་བརྒྱུད་ Mauryan Empire ༼ མ་ཡུར ༽मयूरःཏེ་རྨ་བྱ་ཞེས་བྱ་བའི་དུས་སུ་ཀཱརྵཱ་པ་ནའི་རིགས་འགའ་ཞིག་གསར་དུ་བཟོ་སྐྲུན་བྱས་པར་བཤད་དོ། །མ་ཡུར་ནི་ལེགས་སྦྱར་གྱི་རྨ་བྱའི་སྐད་དོད་དོ། །ཚིག་མཛོད་རྣམས་སུ་ཀཱརྵཱ་པ་ཎའི་གོ་དོན་དཔྱིས་ཕྱིན་པ་ཞིག་བཤད་པར་མི་སྣང་བས་འདིར་བྲིས་སོ། ། མངོན་མཚན་ཅན་ཞེས་པའི་ཐད་དུ་གཟིགས། http://www.britishmuseum.org/explore/highlights/highlight_objects/cm/s/silver_karshapana_of_the_maury.aspx
|