From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྫུ་འཕྲུལ་གྱི་རྐང་པ་བཞི
|
Tibetan Definition
|
བྱང་ཕྱོགས་སྡེ་ཚན་བདུན་གྱི་གསུམ་པ་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པའི་རྫུ་འཕྲུལ་གྱི་རྐང་པ། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ། སེམས་པའི་རྫུ་འཕྲུལ་གྱི་རྐང་པ། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་དང་བཞིའོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང༌། འདུན་པའི་ཏིང་ངེ་འཛིན་གཉིས་དོན་གཅིག འདུན་པའི་རྫུ་འཕྲུལ་གྱི་རྐང་པའམ། འདུན་པའི་ཏིང་ངེ་འཛིན་ཞེས་བྱ་བ་ནི། འདུན་པ་ལ་བརྟེན་ནས་བྱུང་བའི་ཏིང་ངེ་འཛིན་ལ་ཟེར་ཏེ། དཔེར་ན་རྔ་ལས་བྱུང་བའི་སྒྲ་ལ་རྔ་སྒྲ་དང༌། ནས་ལས་བྱུང་བའི་མྱུ་གུ་ལ་ནས་ཀྱི་མྱུ་གུ་ཞེས་བརྗོད་པ་བཞིན་ནོ། །ཡང་ན། འདུན་པ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ལ་འདུན་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ། དཔེར་ན་བ་ལང་དང་ལྡན་པའི་ཤིང་རྟ་ལ་བ་ལང་གི་ཤིང་རྟ་ཞེས་ཟེར་བ་བཞིན་ནོ། །དེས་གཞན་རྣམས་ལའང་རིགས་འགྲེའོ། །སྒྲ་བཤད་ནི། རྫུ་འཕྲུལ་གྱི་སྒོ་ནས་སངས་རྒྱས་ཀྱི་ཞིང་རབ་འབྱམས་སུ་འགྲོ་བར་ནུས་པའི་རྐང་པ་དང་ལྡན་པས་ན་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བའམ། ཡང་ན་མེད་པ་འཕྲུལ་བ་དང་ཡོད་པ་བསྒྱུར་བ་སོགས་ལ་རྫུ་འཕྲུལ་ཞེས་བྱ་ལ། རྐང་པ་ནི་ཏིང་ངེ་འཛིན་ཏེ་དེའི་རྟེན་ནོ། །
|