From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྫོགས་རིམ
|
Tibetan Definition
|
(གསང་སྔགས) <ཨུཏྤནྣ་ཀྲ་མ> བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་སློབ་པའི་རྒྱུད་ཀྱི་རྣལ་འབྱོར་དེ། རྫོགས་རིམ་གྱི་མཚན་ཉིད་དུ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱན་མཚན་གསུང༌། དེ་ལ་དཔལ་ལྡན་ཆོས་རྗེས་དེ་བླ་མེད་སྤྱིའི་རྫོགས་རིམ་གྱི་དབང་དུ་བྱས་སམ་སྙམ་སྟེ། སྤྱིར་རྫོགས་རིམ་ཡིན་ན་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བས་མ་ཁྱབ་པའི་ཕྱིར་ཏེ། དུས་འཁོར་གྱི་ལུགས་ཀྱི་སོ་བསམ་གཉིས་རླུང་དབུ་མར་འཛུད་པའི་སྔོན་འགྲོ་ཡིན་པའི་ཕྱིར། ཞེས་གསུངས། སྒྲ་བཤད་ནི། རྫོགས་པ་ནི་གྲུབ་པ། རིམ་པ་ནི་རྣམ་པ་དང་ཆ་དང་ཕྱོགས་ཞེས་བྱ་བའི་མིང་གི་རྣམ་གྲངས་ཡིན་པར། ཤཱནྟི་པས་གསུངས་ཞེས་རྗེའི་སྔགས་རིམ་ཆེན་མོར་གསལ། དེས་ན་བློས་མ་བཅོས་པར་གྲུབ་པའི་རྣམ་པ་ཡིན་པས་རྫོགས་རིམ་ཞེས་བྱ་སྟེ། དེ་ཡང་བསྐྱེད་རིམ་ལྟར་བློས་བཅོས་ནས་བསྐྱེད་པ་ཙམ་མིན་པར་དངོས་གནས་ལ་རླུང་སེམས་ཙམ་ལས་རང་ཉིད་ལྷའི་སྐུར་རྫོགས་པའམ་གྲུབ་པའི་རྣམ་པ་ཡིན་པས་དེ་སྐད་ཅེས་བྱའོ། །རྒྱས་པ་སྔགས་རིམ་ཆེན་མོ་ལས་ཤེས་པར་བྱའོ། །མིང་གི་རྣམ་གྲངས་ནི། རིམ་པ་གཉིས་པ། རྫོགས་པའི་རིམ་པ། མ་བརྟགས་པའི་རིམ་པ། རྣལ་མའི་རྣལ་འབྱོར་ཞེས་བྱའོ། །རྗེའི་སྔགས་རིམ་ཆེན་མོ་ལྟར་བཀོད།
|