10441

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫོགས་ལྡན་དུས
Tibetan Definition (མཛོད) <ཀྲྀ་ཏ་ཡུ་གཾ> བསྐལ་པ་དང་པོའི་དུས་སུ། དེར་དགེ་བཅུ་རྫོགས་པར་སྤྱོད་ཅིང་སྣོད་བཅུད་ཀྱི་དཔལ་ཆ་ཙམ་ཡང་མ་ཉམས་པར་གནས་པས་རྫོགས་ལྡན་ཞེས་བྱའོ། །དེའི་ཡུན་ཚད་ལ་མི་ལོ་༡༧༢༨༠༠༠ས་ཡ་གཅིག་དང་བདུན་འབུམ་ཉི་ཁྲི་བརྒྱད་སྟོང་པར་དུས་འཁོར་ལས་གསུངས། ཞེས་མངོན་བརྗོད་མཁས་པའི་རྣ་རྒྱན་ལས་བཤད། དེའི་དུས་ཀྱི་མི་རྣམས་ནི་གཟུགས་ཀྱི་ལྷ་བཞིན་དུ་རྫུས་ཏེ་སྐྱེས་པ། དབང་པོ་ཚང་བ། མཛེས་ཤིང་མདོག་བཟང་བ། ལུས་ལ་འོད་དང་ལྡན་པ། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ། བསམ་གཏན་གྱི་དགའ་བ་ཟས་སུ་ཟ་བ། ཚེ་ལོ་དཔག་མེད་དང་ལྡན་པ་ཞིག་གོ། རྫོགས་ལྡན་ཞེས་པའི་སྒྲ་བཤད་ནི། དགེ་བ་བཅུ་ཀ་རྫོགས་པར་སྤྱོད་པའམ་ཉམས་སུ་ལེན་པ་དང་ལྡན་པས་རྫོགས་ལྡན་ཞེས་པའམ། ཡང་ན་དེའི་དུས་སུ་དགེ་བཅུ་རྫོགས་པར་སྤྱོད་པས་སྣོད་བཅུད་ཀྱི་དཔལ་ལམ་ཡོན་ཏན་རྣམས་མ་ཉམས་པར་རྫོགས་པར་ལྡན་པས་ན་རྫོགས་ལྡན་ཞེས་བྱའོ། །འཁྲིག་པ་སྤྱོད་ཅིང་མ་བྱིན་པར་བླངས་པས་སྣོད་བཅུད་ཀྱི་དཔལ་ཆ་བཞིར་བགོས་པའི་གཅིག་བྲི་བས་གསུམ་ལྡན། རྫུན་སྨྲས་པས་དཔལ་འབྱོར་ཆ་གཉིས་བྲི་བས་གཉིས་ལྡན། སྲོག་གཅོད་བཅས་མི་དགེ་བའི་ལས་ལམ་ཡོངས་སུ་རྫོགས་པ་སྤྱད་པས་ཆ་གཅིག་པོ་ཡང་རིམ་གྱིས་བྲི་སྟེ་རྩོད་ལྡན་དུ་གྱུར་ཏོ། །གོང་དུ་བཤད་པའི་ལོ་ཚད་དེ་ནི་རྒྱ་གར་གྱི་ཧིནྡཱུའི་ཆོས་ལུགས་ནང་ཡང་ཇི་མ་ཇི་བཞིན་འབྱུང་བས། ཐ་སྙད་དེ་དག་ནང་པས་ཕྱི་རོལ་པའི་གཞུང་ནས་ཚུར་བླངས་པར་ངེས་སོ། །རྫོགས་ལྡན་གྱི་བསྐལ་པ་དང་དོན་གཅིག རྫོགས་ལྡན་གྱི་བསྐལ་པ་ལ་གཟིགས། གཞན་ཡང་། རྫོགས་ལྡན། གསུམ་ལྡན། གཉིས་ལྡན། རྩོད་ལྡན་བཅས་དུས་བཞི་སོ་སོ་ལ་མི་ལོ་གྲངས་ཀྱི་ཁྱད་པར་སྐོར། མངོན་བརྗོད་མཁས་པའི་རྣ་རྒྱན་༤༠ན་གསལ་བའི་དེར་གཟིགས།