From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པའི་རྟགས
|
| Tibetan Definition
|
དམིགས་རྟེན་ལ་དམིགས་པ་གཏད་རེས་ཀྱིས་སྣ་བུག་གཉིས་ཀ་ནས་རླུང་མཉམ་རྒྱུ་ཤེད་མཚུངས་ངེས་ཅན་དུ་ཐེངས་པ་བྱུང་ན། བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་པའི་རྟགས་ཡིན། ཡང་ཡང་གོམས་ཏེ་གནས་པའི་རྟགས་སུ་སྣ་བུག་གི་རྒྱུ་བ་འཆད་པ་དང༌། ལྟོ་བ་མི་འགུལ་བ་གཉིས་ཚོགས་བྱུང་ན་གནས་པའི་རྟགས་འཁྲུལ་མེད་ཡིན་པར་གསུངས་སོ། །སྣ་བུག་གི་རྒྱུ་བ་ཆད་པ་ཙམ་ནི་བྱིང་བ་ཕྲ་མོ་མ་ཆོད་པར་བསགས་པས་བྱིང་ཤས་ཆེ་བ་ལའང་འབྱུང་བར་གསུངས་ཏེ། རྗེའི་རིམ་ལྔ་གདན་རྫོགས་ལས། སྣ་བུག་གི་རྒྱུ་བ་ཕྲ་མོ་ཡང་ལོག་པ་འདི་བྱིང་བ་ཕྲ་མོ་མ་ཆོད་པར་བསགས་པའམ་ལྷག་མ་ལུས་པའི་བྱིང་ཤས་ཆེ་བ་ཅིག་ལ་ཡང་ཡང་འོང་སྟེ། དེ་ནི་དྷཱུ་ཏཱིར་ཚུད་པ་དང་དེར་ཐིམ་པ་གང་ཡང་མིན་པས་ཁྱད་པར་ཕྱེད་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །
|