1047

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་བརྟན
Tibetan Definition <སྠ་བཱིརཾ> 1 (འདུལ་བ) བརྟན་མཁས་ཀྱི་ཡོན་ཏན་གཉིས་ལྡན་གྱི་དགེ་སློང་བགྲེས་སོང་གི་མིང་། དེ་ཡང་བརྟན་པའི་ཡན་ལག་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ། མཁས་པའི་ཡན་ལག་འདུལ་བ་ཤེས་པ་གཉིས་དང་ལྡན་པའོ། །དམ་ཆོས་འདུལ་བར་གནས་བརྟན་ཞེས་བྱ་བ་འདི་ཤིན་ཏུ་གལ་ཆེ་བ་ཡིན། མདོ་རྩ་བར། གནས་པས་གནས་ལ་མ་ཞུས་པར་བྱ་བ་མི་བྱའོ། །བཤང་བ་དང་གཅི་བ་དང་སོ་ཤིང་དོར་བ་དང་ཉེ་འཁོར་དང་བཅས་པའི་གཙུག་ལག་ཁང་དུ་མཆོད་རྟེན་ལ་ཕྱག་བྱ་བ་ནི་མ་གཏོགས་སོ། །གཙུག་ལག་ཁང་ནས་འདོམ་བཞི་བཅུ་རྩ་དགུའི་མཐའ་ཚུན་ཆད་དུ་འགྲོ་བ་ཡང་ངོ་། །ཞེས་གསུངས་པ་ལྟར་དགེ་འདུན་པ་རྣམས་བཤང་གཅི་འདོར་བ་སོགས་བྱ་བ་འགའ་ཞིག་མ་གཏོགས་བྱ་བ་ཐམས་ཅད་གནས་བརྟན་ལ་ཞུ་དགོས། འདུལ་བར་གནས་ཀྱི་བླ་མ་ཞེས་པ་ཡང་འདི་ཉིད་ཡིན། གསོ་སྦྱོང་གི་མདོ་འདོན་པ་པོ་ཡང་འདི་ཉིད་ཡིན། གསོ་སྦྱོང་གི་ཉིན་གྲངས་ཀྱང་འདི་ཉིད་ཀྱིས་བརྩི་བ་ཡིན། དགེ་སྐོས་ཀྱིས་ཁོང་ལ་དྲིས་ནས་གསོ་སྦྱོང་གི་ཉིན་ཞག་སོགས་དགེ་འདུན་ལ་བརྗོད་དགོས་པས་ཧ་ཅང་གལ་ཆེའོ། །སྒྲ་བཤད་ནི། གནས་ཀྱི་བླ་མ་ལ་མ་བརྟེན་པར་གནས་སུ་རུང་བས་ན་གནས། བསྙེན་པར་རྫོགས་ནས་སྡོམ་རྒྱུན་བར་མ་ཆད་པར་ལོ་བཅུ་ལོན་པས་ན་བརྟན་ཞེས་བྱའོ། །2 རང་ལས་བསླབ་པ་རྒན་གཞོན་ཐམས་ཅད་ལ་ཐུན་མོང་དུ་སྦྱར་ཆོག་པའི་འདུལ་བའི་ཉེ་ཚིག་ཅིག ཉེ་ཚིག་ཅེས་པ་ཆེ་བ་བརྗོད་པའི་ཚིག་ལ་ཟེར། འོན་ཀྱང་ཐད་དཀར་གྱི་ཚིག་གི་གོ་དོན་ནི་བློ་ཉེ་བའམ་གཅེས་པའི་ཚིག་གི་དོན་ནོ། །