10485

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལ་དུ
Tibetan Definition (རྒྱ་གར་སྐད) དབྱིབས་ཟླུམ་ལ་ཁ་དོག་སེར་བའི་རྒྱ་གར་གྱི་མངར་ཆའི་རིགས་ཤིག་གི་མིང་། རྒྱ་གར་བས་ལ་དུ་སོགས་མངར་ཆའི་རིགས་རྣམས་གཙོ་བོར་ལྷ་ཡི་མཆོད་རྫས་དང་བག་སྟོན་སོགས་རྟེན་འབྲེལ་མཛད་སྒོའི་སྐབས་བེད་སྤྱོད་བྱེད་དོ། །དང་པོར་དཀོན་མཆོག་ལ་ཡར་ཕུལ། དེ་ནས་མར་ཞུས་ཏེ་དངོས་གྲུབ་ཀྱི་རྫས་སམ་བྱིན་རླབས་ཀྱི་ཚུལ་དུ་ཐམས་ཅད་ལ་བགོ་བཤའ་བྱས་ནས་སྦྱིན་པར་བྱེད་ཅིང་། དེ་ལ་པྲ་སཱད་ प्रसाद ཟེར། ལ་དུ་ནི་ “ལཌཌཱུ” ཉིད་ཟུར་ཆག་པར་ངེས་སོ། །རྒྱ་གར་བས་འདི་ལ་ “ལཌཌཱུ” लड्डू, Laddū ཟེར། (ལོག་ཡིག་གཉིས་པོ་རྩེགས་མར་བྲི་དགོས་ཀྱང་གློག་ཀླད་འདིའི་ནང་མི་འཐོན་ནོ) འདི་ལ་ཁ་དོག་མི་འདྲ་བ་འགའ་ཤས་ཡོད། དགེ་འདུན་ཆོས་འཕེལ་གྱི་«རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ» གླེགས་བམ་སྟོད་ཆ་ཤོག་གྲངས་༤༢ལས། ལ་དུ་ནི་རིགས་མང་པོ་མཆིས་ཏེ། དཀྲུས་མ་དེ་སྲན་ཕྱེ་དང་ཀ་ར་མར་རྣམས་སྦྱར་བ་ཆུ་ཅུང་ཟད་ཀྱིས་ཧྲིལ་ཧྲིལ་དུ་བྱས་ནས། འཁུར་སླང་ནང་ཚོས་སུ་བཅུག་པ་གོང་བུར་དྲིལ་བ་ཞིག་ཡིན། ཞེས་སོགས་གསུངས་པ་ལྟར་རོ། །བོད་རྒྱ་ཚིག་མཛོད་ཆེན་མོར། ལ་དུ། ལ་ཆེན་པོ་རྒྱག་སྐབས་ཟ་རྒྱུའི་ཟ་ཆས་རིགས་ཤིག་གི་མིང་། འོ་མ། སྦྲང་རྩི། ཀ་ར། བུ་རམ། ཏིལ་སྣུམ། མར། ཕྱུར་བ། ཆིས་མིན་བཅས་སྣ་ཁ་བརྒྱད་གྲོ་ཞིབ་དང་སྦྱར་ནས་བཟོས་པའི་བག་ལེབ་ལྟ་བུ། ཞེས་འབྱུང་བ་ནི་ལ་དུ་བཟའ་རྒྱུ་ལྟ་ཞོག་མིག་གིས་ཀྱང་མཐོང་མ་མྱོང་བའི་རྒོད་བྲོ་བའི་གཏམ་ཞིག་ཏུ་སྣང་ངོ་། །ལ་དུ་ཞེས་པའི་ཚིག་འདི་འདུལ་བ་ལུང་ལས་ཀྱང་གསུངས་ཏེ། འདུལ་བ་ལུང་གཞི་༼ ང་པ ༽༡༣༢ན༤ལས། དེས་དབང་དུ་བྱ་བའི་ལ་དུ་ཞིག་གྲགས་འཛིན་མ་ལ་བསྐུར་བ་དང༌། གྲགས་འཛིན་མས་སྒྲ་ཅན་ཟིན་གྱི་ལག་ཏུ་བྱིན་ནས་སྨྲས་པ། བུ་ཁྱོད་ཀྱི་ཡབ་གང་ཡིན་པ་དེ་ལ་ཕུལ་ཅིག་ཅེས་གསུངས་པ་ལྟར་རོ། །ལུང་གཞི་རྒྱ་ཆེར་འགྲེལ་པར་ཡང་སྣང་སྟེ། བཟའ་བ་ཞེས་བྱ་བ་ནི་ལ་དུ་ལ་སོགས་པའོ། །བཅའ་བ་ཞེས་བྱ་བ་ནི་ལ་ཕུག་ལ་སོགས་པའོ། །ཞེས་གསུངས་སོ། །