10568

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་རིམ་ཆེན་མོ
Tibetan Definition ཆོས་ཀྱི་རྒྱལ་པོ་རྗེ་བཙུན་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་མཛད་པའི་ཉམས་ལེན་གྱི་གནད་རྣམས་ལམ་གྱི་རིམ་པར་བསྒྲིགས་ཤིང་སེམས་འདུལ་བའི་རིམ་པ་གཙོ་བོར་སྟོན་པའི་བསྟན་བཅོས་བྱིན་རླབས་ཅན་ཞིག འདི་ནི་རྒྱལ་བའི་གསུང་རབ་མཐའ་དག་གི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། བྱང་ཆུབ་ལམ་གྱི་རིམ་པའི་སྒོ་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་སངས་རྒྱས་ཀྱི་སར་འཁྲིད་པའི་ཚུལ་རྒྱས་པར་སྟོན་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་གོ། འདི་ནི་སེམས་རྒྱུད་མ་རུངས་ཤིང་མི་བསྲུན་པ་ཆགས་སྡང་གི་རུ་འཛིངས་ཤིང་དེའི་གཞན་དབང་དུ་གྱུར་པའི་སྐྱེས་བུ་ཐ་ཤལ་བདག་ལྟ་བུ་ཡང་འདིའི་གླེགས་བམ་མཇལ་ཙམ་གྱིས་ཆགས་སྡང་གི་བློ་རགས་པ་རྣམས་ཞི་ནས་སེམས་རྒྱུད་འཇམ་ཞིང་བདེ་འབོལ་གྱིས་འགྲོ། ཨེ་མ། བྱིན་རླབས། བྱིན་རླབས་ཟེར་བ་དེ་འདི་འདྲ་ཞིག་ལ་ཟེར་བ་འདྲ་སྙམ་པ་ཡང་ལན་མང་དུ་འབྱུང་ངོ་། །འདི་འཆང་བ་དང་ཀློག་པ་དང་བློ་ལ་འཛིན་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་གཞན་ལ་ཉེ་བར་སྟོན་པ་དང་ལུང་འབོག་པ་དང་ཁ་ཏོན་བྱེད་པ་དང་ཆུང་དུ་ན་ཡི་གེར་འབྲི་བ་ཚུན་ཆད་ཀྱི་སྐབས་སུའང་། ཡིད་དུ་འོང་བའི་མཆོད་པའི་བྱེ་བྲག་སྣ་ཚོགས་པ་བཤམས་ལ་བདུག་སྤོས་སྤར་བ་དང་། རྐང་ལག་སོགས་ལེགས་པར་བཀྲུས་ལ་གཙང་སྦྲ་དང་ལྡན་པའི་སྒོ་ནས་དད་པ་དང་བཀུར་སྟི་རྒྱ་ཆེན་པོས་བསྙེན་པར་བྱའོ། །འདི་རྗེ་བླ་མ་དགུང་ལོ་ཞེ་དྲུག་བཞེས་པའི་ཆུ་ཕོ་རྟའི་ལོ་ལ་བརྩམས་པར་མངོན། འདི་པོད་༼ པ་པར ༽བཞུགས་ཤིང་། དེ་ལ་ཤོག་ལྡེབས་༥༢༡དང་། ངོས་ཤོག་༡༠༤༢ཡོད། རྗེའི་ལམ་རིམ་འདི་ཧ་ཅང་རྩ་བ་ཆེ་བས་འཆི་ཁར་རང་གི་སྔས་འཁྲིས་སུ་འཇོག་རྒྱུ་བྱུང་ན་འཕོ་བའི་གོ་ཆོད་པར་གསུངས་ཏེ། རྗེ་ཤེས་རབ་རྒྱ་མཚོའི་ལམ་རིམ་གྱི་ཞལ་ལུང་༤༤ན༥ལས། འཆི་ཁར་ཡང་ལམ་རིམ་ཆེན་མོ་སྔས་སུ་བཞག་སྟེ་མགོ་གཏུགས་ནས་དད་གུས་དང་བཅས་འཆི་རྒྱུ་བྱུང་ན་འཕོ་བའང་དེ་ཀ་ཡིན་ཞེས་སློབ་དཔོན་བྱམས་པས་ (འདི་ཕུར་ལྕོག་ངག་དབང་བྱམས་པ་ཡིན་པར་སེམས) གསུངས། ཞེས་གསུངས། བྱང་ཆུབ་ལམ་རིམ་ཆེན་མོ་འདི་མདོ་སྔགས་ཟུང་འབྲེལ་གྱི་གཞུང་ཡིན་ནམ་ཞེ་ན། འདིའི་དོགས་གཅོད་གོང་དུ་ལམ་སྒྲོན་ཞེས་པའི་ཐད་དུ་གཟིགས།