10571

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་རིམ་ཆེན་མོའི་ལོ་རྒྱུས
Tibetan Definition རྗེ་ཙོང་ཁ་པ་ཆེན་པོ་བྱང་ཆུབ་ལམ་རིམ་ཆེན་མོའི་ལོ་རྒྱུས་ནི། ལམ་རིམ་ཆེན་མོ་ལས། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ་རྣམ་པ་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་པའི་རིམ་པ་ཐམས་ཅད་ཚང་བར་སྟོན་པའི་བྱང་ཆུབ་ལམ་གྱི་རིམ་པ་འདི། རྒྱལ་སྲས་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ཀྱི་རྒྱལ་ཚབ་ཆེན་པོ་ནང་རིག་པའི་སྡེ་སྣོད་ལ་མཁས་པར་སྦྱངས་ནས་དེའི་དོན་བསྒྲུབ་པས་ཚུལ་བཞིན་དུ་ཐུགས་ཉམས་སུ་བཞེས་ཏེ། འགྲོ་བ་དུ་མའི་འདྲེན་པ་མཛད་པའི་སྒོ་ནས་བསྟན་པ་རིན་པོ་ཆེའི་རྩ་ལག་དམ་པར་གྱུར་པ་དཀོན་མཆོག་ཚུལ་ཁྲིམས་དང༌། སྔོན་དུས་ཀྱི་སྡོམ་བརྩོན་རྣམས་ཀྱིས་མཐའ་གཅིག་ཏུ་ཡོངས་སུ་བསྔགས་པའི་དམ་པ་བྱ་འདུལ་བ་འཛིན་པའི་རྒྱལ་ཚབ་མཁྱེན་པ་དང་བརྩེ་བ་ལ་སོགས་པའི་རྟོགས་པ་དང་ལུང་གི་ཡོན་ཏན་རིན་པོ་ཆེ་དུ་མས་བརྒྱན་པས་གངས་རིའི་ཁྲོད་ཀྱི་སྡོམ་བརྩོན་རྣམས་ཀྱི་ཁྲོད་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བའི་སྡོམ་བརྩོན་ཆེན་པོ་མཁན་ཆེན་ཟུལ་ཕུ་བ་དཀོན་མཆོག་དཔལ་བཟང་པོ་དང༌། གཞན་ཡང་དོན་གཉེར་ཅན་མང་པོས་སྔ་ནས་བསྐུལ་ཞིང༌། དུས་ཕྱིས་མདོ་སྔགས་ཀྱི་གཞུང་རབ་འབྱམས་ལ་མཁས་པར་སྦྱངས་པས་གཞུང་ལུགས་པ་རྣམས་ཀྱི་གཙོ་བོར་གྱུར་ཅིང་བསླབ་པ་རིན་པོ་ཆེ་གསུམ་ལ་ཆེས་ཆེར་གཅེས་སྤྲས་སུ་མཛད་པ། གཅིག་ཏུ་བསྟན་པ་རིན་པོ་ཆེའི་ཁུར་འཁུར་པ་ལ་ཟླ་དང་བྲལ་བའི་སྐད་གཉིས་སྨྲ་བ་ཡོངས་སུ་རྫོགས་པའི་བཤེས་གཉེན་སེམས་དཔའ་ཆེན་པོ་སྐྱབས་མཆོག་དཔལ་བཟང་པོ་ཞེས། ཡོངས་སུ་གྲགས་པའི་དམ་པ་དེས་ཉེ་བར་བསྐུལ་བའི་བཀའ་སྩལ་དང་དུ་བླངས་ནས། རྗེ་བཙུན་དམ་པ་ནམ་མཁའི་མཚན་ཅན་ལ་དགོན་པ་བ་ནས་སྣེའུ་ཟུར་བ་ལ་བརྒྱུད་པ་དང༌། སྤྱན་སྔ་བ་ནས་བརྒྱུད་པའི་ལམ་གྱི་རིམ་པ་ཐོས་ཤིང༌། རྗེ་བཙུན་དམ་པ་བཟང་པོའི་མཐའ་ཅན་ལ། པོ་ཏོ་བས་ཤར་བ་ལ་བརྒྱུད་པ་དང༌། པོ་ཏོ་བ་ནས་དོལ་པ་ལ་བརྒྱུད་པའི་ལམ་གྱི་རིམ་པ་ཐོས་པ་རྣམས་ཀྱི་དོན་གདམས་ངག་འདིའི་གཞུང༌། ལམ་སྒྲོན་གྱི་སྐྱེས་བུ་གསུམ་གྱི་སྤྱིའི་མཚན་ཉིད་སྟོན་པ་ཙམ་མ་གཏོགས་པའི་ཚིག་རྣམས་སླ་བ་ལ་བསམས་ནས་མ་དྲངས་པར། ལོཙྪ་བ་ཆེན་པོ་དང་གྲོ་ལུང་པ་ཡབ་སྲས་ཀྱི་ལམ་རིམ་གྱི་ཁོག་རྣམས་ལ་གཞི་བྱས་ནས་ལམ་རིམ་དུ་མ་ནས་གནད་རྣམས་བསྡུས་ཏེ། ལམ་གྱི་ཆ་ཚང་ལ་འཁྱེར་བདེ་ཞིང་། གོ་རིམ་མ་འཁྲུགས་པར་བཀོད་པ་འདི་ནི། གངས་རིའི་ཁྲོད་ཀྱི་ཤིང་རྟ་ཆེན་པོ། གསུང་རབ་རབ་འབྱམས་ལ་མི་འཇིགས་པའི་སྤོབས་པ་དགེ་བ་ཅན་གཞུང་ལུགས་ཆེན་མོ་རྣམས་ཀྱི་དོན་ཚུལ་བཞིན་དུ་བསྒྲུབས་པས། རྒྱལ་བ་སྲས་བཅས་དགྱེས་པ་བསྐྱེད་པའི་རྨད་དུ་བྱུང་བའི་སེམས་དཔའ་ཆེན་པོ་རྗེ་བཙུན་དམ་པ་རེད་མདའ་བ་ལ་སོགས་པའི་བླ་མ་དམ་པ་རྣམས་ཀྱི་ཞབས་ཀྱི་རྡུལ་སྤྱི་བོས་ལེན་པ། མང་དུ་ཐོས་པའི་དགེ་སློང་སྤོང་བ་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་ཀྱི་ཡང་དགོན་བྲག་སེང་གེའི་ཞོལ་གྱི་རི་ཁྲོད་དུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་བསོད་ནམས་དཔལ་བཟང་པོའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག། ཅེས་པ་ལྟར་དང་། ལམ་རིན་ཆེན་མོ་བརྩམས་པའི་ཚུལ་རྒྱས་པར་འཆད་པ་ལ། རྗེ་བདག་ཉིད་ཆེན་པོ། ཨར་བྱང་ཆུབ་ཡེ་ཤེས་ཀྱི་གདན་ས་སྟོད་ལུང་གནམ་རྩེ་ལྡེང་ངམ་ཡངས་པ་ཅན་དུ་གྲགས་པ་དེར། རྗེ་བཙུན་རེད་མདའ་བ་དང་། རྗེ་ཉིད། ལོ་ཆེན་སྐྱབས་མཆོག་དཔལ་བཟང་སྟེ་ཆོས་རྗེ་རྣམ་གསུམ་ཞལ་འཛོམས་ནས་དབྱར་ཞལ་བཞེས་གནང་སྟེ། བསྟན་པའི་དག་ཐེར་མཛད། དགག་དབྱེ་གྲོལ་ནས་རྗེ་ཉིད་བྱང་རྒྱལ་བའི་དབེན་གནས་རྭ་སྒྲེང་དུ་ཕེབས་ཏེ། བྲག་སེང་གེ་འདྲ་བའི་ཞོལ་ཡང་དགོན་དུ་བཞུགས། དེར་འབྲོམ་སྟོན་པ་ཉིད་ཀྱིས་བཞེངས་པའི་ཇོ་བོའི་སྐུ་བྱིན་རླབས་ཅན་དབུ་ཡོན་མ་ཆེ་ཆུང་དུ་གྲགས་པའི་སྐུ་ཐང་ཆེ་བ་དེ་དབུ་སྔས་སུ་གདན་དྲངས་ཏེ། ལམ་རིམ་བརྒྱུད་པའི་གསོལ་འདེབས་ལམ་མཆོག་སྒོ་འབྱེད་ལྗགས་རྩོམ་གནང་ནས་གདུང་ཤུགས་དྲག་པོས་ཡུན་རིང་དུ་གསོལ་བ་བཏབ་པས། ཐུབ་པའི་དབང་པོ་ནས་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱི་བར་གྱི་བླ་མ་བརྒྱུད་པ་རྣམས་དང་། ཁྱད་པར་ཇོ་བོ་རྗེ། འབྲོམ་སྟོན་པ། པོ་ཏོ་བ། ཤ་ར་བ་རྣམས་ཟླ་བའི་བར་དུ་ཞལ་གཟིགས་ཤིང་། གདམས་པ་དང་། རྗེས་སུ་བསྟན་པའང་མང་དུ་སྩལ། མཐར་པོ་ཏོ་བ་སོགས་གསུམ་ཇོ་བོ་ལ་ཐིམ། ཨ་ཏི་ཤ་ཕྱག་རྗེའི་སྤྱི་བོར་བཞག་ནས་བསྟན་པ་ལ་བྱ་བ་རྒྱ་ཆེར་གྱིས་དང་། བྱང་ཆུབ་སྒྲུབ་པ་དང་སེམས་ཅན་གྱི་དོན་བྱེད་པའི་གྲོགས་བདག་གིས་བྱའོ་གསུངས་ནས་མི་སྣང་བར་གྱུར་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་བ་ན། གསང་ཕུ་ཆོས་རྗེ་དཀོན་མཆོག་ཚུལ་ཁྲིམས། མཁན་ཆེན་ཟུལ་ཕུ་བ་དཀོན་མཆོག་རྒྱལ་མཚན། ལོ་ཆེན་སྐྱབས་མཆོག་དཔལ་བཟང་སོགས་ཀྱིས་ཀྱང་བསྐུལ་བའི་དགེ་མཚན་དང་རྟེན་འབྲེལ་ལེགས་པར་འགྲིགས་པས། བྱང་ཆུབ་ལམ་རིམ་ཆེན་མོ་འདི་མཛད་པ་ཡིན་ཞིང་། དེའི་ཚེ་འཇམ་དཔལ་དབྱངས་ཀྱིས། ངེད་ཀྱིས་བསྟན་པའི་ངེས་འབྱུང་། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་གསུམ་གྱི་སྒོ་ནས་འཁྲིད་པའི་ལམ་དེར་མ་འདུས་པ་ཡིན་ནམ་གསུངས་པ་ལ། འདུས་མོད་ཀྱང་དེ་གསུམ་གཙོ་བོ་བྱས་ཏེ་ལམ་སྒྲོན་སོགས་ཀྱི་མན་ངག་གིས་ཁ་བསྐངས་ནས་སྐྱེས་བུ་གསུམ་གྱི་ལམ་རིམ་དང་སྦྱར་བ་ཡིན་ཞེས་ཞུས་པ་དང་། ཞི་གནས་ཡན་ཆད་ཀྱི་རྩོམ་པ་ཟིན་པ་ན། ལྷག་མཐོང་བརྩམས་ཀྱང་གཞན་ལ་ཕན་དཀའ་དགོངས་ནས་ཐུགས་འདུན་ཆུང་ངུར་སོང་བའི་སྐབས་སུ། ཡང་རྗེ་བཙུན་འཇམ་པའི་དབྱངས་ཀྱིས། ཅིས་ཀྱང་རྩོམས། ཕན་ཐོགས་འབྲིང་ཅིག་འོང་གསུང་། དེ་ནས་བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་དབྱེར་མེད་དུ་བྱས་ནས་གསོལ་བ་དྲག་ཏུ་བཏབ། སྟོང་ཉིད་ལ་དཔྱད་པ་མཛད་པའི་སྐབས་སུ་འབུམ་གྱི་སྟོང་ཉིད་ཉི་ཤུའི་འགྲེས་རྐང་རྣམས་མདུན་གྱི་ནམ་མཁའ་ལ་དངུལ་གྱི་ཡི་ཨེ་གེ་བྲིས་པའི་རྣམ་པ་ཅན་དང་། ཤོག་བུའི་ངོས་ལ་བྲིས་པ་རྣམ་པ་ཅན་གྱི་ཉམས་སྣང་དཔྱད་པ་མཛད་རེས་ཀྱིས་འོང་བར་སྣང་གསུང་། དེ་དག་གི་ཚེ་གཉན་ཆེན་ཐང་ལྷ་དང་། ཞོགས་ལྷ་རྒྱུག་པོ་སོགས་དཀར་ཕྱོགས་པ་དུ་མས་ཁྱེད་ཀྱི་མཐུན་རྐྱེན་སྒྲུབ་པའི་ཐུགས་རྗེས་འཛིན་པར་ཞུ་ཞེས་སྒོ་གསུམ་གུས་པས་བཏུད་པ་ན། མཇུག་གི་བསྔོ་བའི་སྐབས། ལམ་བཟང་བསྒྲིག་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང་། །འགལ་རྐྱེན་སེལ་བྱེད་མི་དང་མི་མིན་ཀུན། །ཚེ་རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི། །རྣམ་དག་ལམ་དང་འབྲལ་བར་མ་གྱུར་ཅིག །ཅེས་གསུངས་པ་སོགས་ལོ་རྒྱུས་ངོ་མཚར་བ་དུ་མ་ཡོད་དོ། །ལམ་རིམ་ཆེན་མོ་དགུང་ལོ་ཞེ་དྲུག་བཞེས་པ་ཆུ་ཕོ་རྟའི་ལོ་ལ་བརྩམས་པར་མངོན་ཞིང་། དགུང་ལོ་ང་དགུ་པ་ཤིང་མོ་ལུག་ལ་དབྱར་དགའ་ལྡན་དུ་བཞུགས་རིང་སྔར་གྱི་ལམ་རིམ་ཆེན་མོ་ལས། ལུང་འདྲེན་དང་། དགག་སྒྲུབ་ཀྱི་སྤྲོས་པ་ཕལ་ཆེར་དོར་ནས་གནད་འགག་རྣམས་བསྡུས་ཏེ་ལམ་རིམ་འབྲིང་པོ་མཛད་དོ། །ལམ་རིམ་ཆེན་མོ་འདི་ནི། ཁྱད་ཆོས་ལྔའི་སྒོ་ནས་ཁྱད་པར་དུ་འཕགས་པ་ཡིན་པར་བཀའ་གདམས་ཆོས་འབྱུང་ཆེན་པོ་ལས་གསུངས་ཏེ། བཤད་བྱ་ཁྱད་པར་དུ་འཕགས་པ། རྗེ་རང་ཉིད་ལ་རྗེ་འཇམ་པའི་དབྱངས་ཀྱིས་གནང་བའི་གདམས་པ་ལམ་གྱི་གཙོ་བོ་རྣམ་གསུམ་ལ་ཇོ་བོའི་མན་ངག་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པས་བརྒྱན་པ། འཆད་ཚུལ་ཁྱད་པར་དུ་འཕགས་པ། ལམ་གྱི་གོལ་ས་བཅད་ན་ངོ་བོ་མ་ནོར་ཞིང་གོ་རིམ་མ་འཁྲུགས་པ་གྲངས་ལྷག་ཆད་མེད་པ། སྐུལ་བ་པོ་ཁྱད་པར་དུ་འཕགས་པ། མཁས་ཤིང་རྣམ་ཐར་གཙང་བ་གསང་ཕུ་ཆོས་རྗེ་སོགས་གོང་སྨོས་ལ་སོགས་པ། གནས་ཁྱད་པར་དུ་འཕགས་པ། རྒྱལ་བས་ལུང་བསྟན་པ་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས། འཁོར་ཁྱད་པར་དུ་འཕགས་པ། སྲས་ཀྱི་ཐུ་བོ་གཉིས་ལ་སོགས་པ་སྐྱེས་བུ་ཆེན་པོ་རྣམས་སོ། །ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས། ཆོས་ཕུན་སུམ་ཚོགས་པ། སྐུལ་མཁན་ཕུན་སུམ་ཚོགས་པ། བཤེས་གཉེན་ཕུན་སུམ་ཚོགས་པ་ལས་གསན་པ། རྩོམ་པ་པོ་ཕུན་སུམ་ཚོགས་པ། གནས་ཕུན་སུམ་ཚོགས་པ་སྟེ་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་གསུངས་སོ། །ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤའི་གདམས་པ་ལམ་གྱི་རིམ་པ་ལའང་བཀའ་གདམས་པ་གཞུང་པ་དང་། གདམས་ངག་པ་སོགས་ནས་བརྒྱུད་པའི་ལམ་རིམ་ངོ་མཚར་རྨད་དུ་བྱུང་བ་མང་དུ་བཞུགས་ནའང་། རྗེ་ཐམས་ཅད་མཁྱེན་པའི་ལམ་གྱི་རིམ་པ་ཆེ་ཆུང་གི་གདམས་པ་ལ་ལམ་གྱི་ལུས་སྤྱི་དང་། ཡན་ལག་སོ་སོ་ལ་སྔོན་ཆད་གངས་རིའི་ཁྲོད་འདིར་སུས་ཀྱང་མ་ཐོན་པའི་ཐུན་མོང་མ་ཡིན་པའི་ལེགས་བཤད་ཕུལ་དུ་བྱུང་བའི་ཁྱད་པར་བླ་ན་མེད་པ་ཡོད་པར་མཁས་གྲུབ་ཐམས་ཅད་མཁྱེན་པས་གསུངས་སོ། །ལམ་རིམ་ཆེ་ཆུང་འདི་དག་བརྩམས་འཕྲལ་སྲས་ཀྱི་ཐུ་བོ་རྣམས་ཀྱིས་བཤད་སྒྲུབ་ཟུང་གི་སྒོ་ནས་རྒྱ་ཆེར་སྤེལ་བར་མཛད་ཅིང་། ཕྱིས་སུ་མཆན་འགྲེལ་གྱི་རིམ་པ་ཡང་། བ་སོ་དང་། འཇམ་དབྱངས་སྟག་ལུང་བྲག་པ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་། བྲ་ཏི་དགེ་བཤེས་རིན་ཆེན་གྲུབ་ཀྱི་ལྷག་མཐོང་གི་མཆན་བཅས་རིམ་པར་བྱུང་ངོ་། །དེ་ཡང་བ་སོའི་མཆན་ནི། མཁས་གྲུབ་རྗེའི་གཅུང་བ་སོ་ཆོས་རྗེ་དངོས་མ་ཡིན་ཏེ། ཁོང་གི་སྐུ་འཕྲེང་ལྔ་པ་བ་སོ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་ཞེས་པས་མཛད་པར་གསུངས་སོ། །སྟག་ལུང་བྲག་པའི་མཆན་དུ་གྲགས་པ་ཡང་ཁོང་གི་གསུང་རྒྱུན་རིམ་པར་བརྒྱུད་པ་དུས་ཕྱིས་ཡར་ཀླུང་ཆོས་མཛད་བློ་བཟང་བསྟན་འཛིན་ནམ། ཁ་རོག་ཞལ་སྔ་ནས་ངག་དབང་རབ་བརྟན་ཞེས་བྱ་བས་བཏབ་པ་དང་། ཀུན་མཁྱེན་འཇམ་དབྱང་བཞད་པའི་མཆན་ནི། དམ་པ་དེ་ཉིད་ཕ་བོང་ཁའི་མཁན་པོ་མཛད་དུས་བཏབ་པ་སྟེ་མཆན་དེ་གསུམ་ལ་རིམ་བཞིན་དམར་མཆན། ནག་མཆན། སེར་མཆན་ཞེས་གྲགས་སོ། །བྲ་ཏི་དགེ་བཤེས་ཀྱིས་ལྷག་མཐོང་ཆེན་མོ་ལ་མཆན་ཞིབ་བཏབ་སྟེ་དཀའ་གནད་ཐམས་ཅད་བཀྲོལ་བར་མཛད་ཅིང་། ཞི་གནས་ཡན་གྱི་མཆན་ཡོད་སྐད་མི་སྣང་ངོ་། །རྗེ་བདག་ཉིད་ཆེན་པོས་ལམ་རིམ་བརྩམས་པའི་དགོས་པ་ནི། རྗེའི་ལམ་རིམ་ཆེན་མོ་ལས། དེང་དུས་རྣལ་འབྱོར་བརྩོན་རྣམས་ཐོས་པ་ཉུང༌། །མང་ཐོས་ཉམས་ལེན་གནད་ལ་མི་མཁས་ཤིང༌། །ཕལ་ཆེར་གསུང་རབ་བལྟ་ལ་ཕྱོགས་རེའི་མིག །ལུང་དོན་རིགས་པས་འབྱེད་པའི་མཐུ་མེད་པས། །བསྟན་པའི་གནད་རྣམས་རྫོགས་པའི་གདམས་པ་མཆོག །མཁས་པ་དགྱེས་པའི་ལམ་དང་བྲལ་མཐོང་ནས། །ཤིང་རྟ་ཆེན་པོའི་ལམ་འདི་བཤད་པ་ལ། །བདག་གི་ཡིད་ནི་ཀུན་ནས་སྤྲོ་བར་གྱུར། །ཞེས་སོ། །རྗེ་བདག་ཉིད་ཆེན་པོས་ལམ་རིམ་མཛད་པའི་དགོས་པ་གཞན་ཡང་ཡོད་པ་འོག་ཏུ་སྒྲུང་གཏམ་དང་སྦྲགས་ནས་ཞུས་ཡོད་པ་དེར་གཟིགས་པར་ཞུ། ལོ་རྒྱུས་དང་སྦྲགས་པའི་སྒྲུང་གཏམ་ནི། རྗེ་ཙོང་ཁ་པ་ཆེན་པོའི་བྱང་ཆུབ་ལམ་རིམ་འདིའི་ལོ་རྒྱུས་སྒྲུང་གཏམ་གྱི་ལམ་ནས་འཆད་པ་ལ། གནའ་སྔ་མོ་དུས་རབས་བཅུ་གཅིག་པའི་ནང་རྒྱ་གར་ནས་བོད་དུ་ཤིན་ཏུ་རྩ་བ་ཆེ་བའི་དགེ་སློང་ཞིག་ཕེབས། ཁོང་གིས་བོད་འདི་མུན་པ་མུན་ནག་གི་གླིང་ཞིག་ཏུ་གཟིགས་ནས་ཐུགས་ཧ་ཅང་སྐྱོ་ཞིང་སྙིང་རྗེ་ལྷག་པར་སྐྱེས་ནས། མུན་པ་དེ་སེལ་ཐབས་ཅི་ཡོད་སྙམ་དུ་དགོངས་པ་ན། རེ་ཞིག་ནས་སྔ་ན་མེད་པའི་སྒྲོན་མེ་ཞིག་བཞེངས་ཐུབ་ན་དེའི་འགྲོ་བ་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འོང་བར་འདུག་སྙམ་དུ་དགོངས་ནས། གསེར་དང་། དངུལ། གཡུ། བྱུ་རུ། རྡོ་རྗེ་ཕ་ལམ། མརྒད། བཻཌཱུརྱ་སོགས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཤིན་ཏུ་ངོ་མཚར་བའི་ཞུ་མར་ཤིན་ཏུ་མཛེས་པ་ཞིག་བསྐྲུན་པར་མཛད་དོ། །དེ་ནས་ཉིན་ཞིག་སྒྲོན་མེ་དེ་སྦར་བ་ན་ཡུལ་དེའི་སྐྱེ་བོ་ཀུན་ངོ་མཚར་ཆེན་པོ་སྐྱེས་ཤིང་དགའ་བའི་ཅ་ཅོ་འདོན་བཞིན་རང་རང་གི་གནས་ཁང་གི་ཕྱིར་བྱུང་ནས། ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཨ་ལ་ལ་འདི་འདྲ་བའི་འོད་སྣང་འདི་ཅིའི་མཐུ་ལས་ཡིན་ནམ་སྙམ་དུ་ཐེ་ཚོམ་དུ་གྱུར་ཏོ། །དེ་ནས་དུས་ཡུན་ཅུང་ཞིག་སོང་བ་ན་འོད་སྣང་དེ་དགེ་སློང་དེའི་ཞུ་མར་དེ་ལས་བྱུང་བར་ཤེས་སོ། །ཤེས་ནས་ཐམས་ཅད་ཀྱིས་ཞུ་མར་དེ་ལ་བལྟ་བར་འོངས་ཤིང་། འོངས་ནས་ཀྱང་ཞུ་མར་དེ་ལ་བལྟས་པ་ན་བལྟ་བར་མི་བཟོད་པའི་འོད་སྣང་ཤིན་ཏུ་ཆེན་པོ་ཞིག་ཡོད་པར་མཐོང་ནས། འདི་ནི་ངེས་པར་སྤྲུལ་པའི་ཞུ་མར་ཞིག་གོ་ཞེས་སྨྲ་བར་བྱས་སོ། །དེ་ནས་ཐམས་ཅད་ཀྱིས་དེ་ལ་ཕྱག་དང་མཆོད་པ་བྱས་ཤིང་བཀུར་སྟི་རྒྱ་ཆེན་པོ་བྱས་ཏེ་མཆོད་གནས་སུ་བཞུགས་སུ་གསོལ་ལོ། །སྒྲོན་མེ་དེའི་སྣང་བས་ཡུལ་དེར་ཉི་མ་ཤར་བ་ལྟར་སྣང་བས་ཡོངས་སུ་ཁྱབ་ནས་ཡུལ་མི་རྣམས་ཉིན་མཚན་མང་པོར་བདེ་སྐྱིད་དགའ་སྟོན་གྱི་དཔལ་ལ་རོལ་པར་གྱུར་ཏོ། །དེ་ལྟ་བུའི་སྒྲོན་མེ་དེ་ལོ་བརྒྱ་ཕྲག་ཕྱེད་ཙམ་གྱི་བར་དུ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་ནས་བཞུགས་ཤིང་། དེ་ནས་རིམ་གྱིས་ཞུ་མར་དེ་བསྙེན་བཀུར་བྱེད་མཁན་གྱི་ཡུལ་གྱི་སྐྱེ་བོ་རྒན་རབས་དད་པ་དང་ཤེས་རབ་ཅན་རྣམས་སྟོངས་ཤིང་ཟད་པ་ན། དེ་ལ་བདག་གཉེར་བྱེད་མཁན་མེད་པར་ཁང་པ་ཞིག་ཧྲུལ་ཞིག་གི་ཟུར་ཁུག་ཅིག་ཏུ་ཐལ་རྡུལ་མང་པོས་ཡོངས་སུ་ཁེབས་ནས་ལུས་པར་གྱུར་ཏོ། །དེ་ནས་སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བྱ་བ་བྱས་ཤིང་སྐྱེས་མཆོག་དུ་མས་ལུང་བསྟན་ཅིང་། འགྲོ་བ་རྣམས་འཁོར་བ་དང་ངན་སོང་གི་གཡང་ས་ཆེན་པོ་ལས་ཉེ་བར་སྐྱོབ་པ་ལ་ལས་དང་སྨོན་ལམ་གྱི་མཐུ་ཡོངས་སུ་སད་པའི་ནང་གི་ཉམས་ལེན་དང་། བརྩོན་འགྲུས། རྣམ་དཔྱོད་སོགས་རབ་ཏུ་འབར་བའི་དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་བོད་དབུས་སུ་ཞབས་ཀྱིས་བཅག་པར་གྱུར་ཏོ། །དེ་ནས་སྐྱེས་མཆོག་དེ་ཉིད་ཀྱིས་རིང་མོ་ཞིག་ནས་ངོ་མཚར་བའི་སྒྲོན་མེ་ཞིག་ཡོད་པར་ཐོས་ཤིང་། དེ་ལྟ་བུའི་ཞུ་མར་དེ་འཚོལ་བ་ལ་ཞུགས་སོ། །བོད་ཀྱི་ཡུལ་ཁམས་ཀུན་ཏུ་སོང་སོང་བ་ན་མཐར་བོད་མངའ་རིས་མཐོ་ལྡིང་གི་ཉེ་འདབས་སུ་ཞབས་སོར་འཁོད་ཅིང་། ངལ་བ་ཆེན་པོས་ས་ཕྱོགས་ཀུན་ཏུ་ཉུལ་ཉུལ་བ་ལས་མཐར་ཁང་པ་ཕྱེད་ཞིག་ཧྲུལ་ཞིག་མཐོང་བར་གྱུར་ཏོ། །མཐོང་མ་ཐག་སྔར་དང་མི་འདྲ་བའི་ཚོར་བ་ཤིན་ཏུ་རྣོ་བ་ཞིག་སྐྱེས་ནས། ཞུ་མར་དེ་ངེས་པར་གནས་འདི་ན་ཡོད་པར་ངེས་སོ་སྙམ་དུ་དགོངས་ནས་བཙལ་བ་ན། ཞུ་མར་དེ་རྙེད་པར་གྱུར་ཏོ། །རྙེད་ནས་དགའ་སྤྲོ་ཚོར་བ་གནོན་མི་ཐུབ་པ་ཞིག་སྐྱེས་ནས་ཤི་སོན་ཕྲད་པ་ལྟ་བུའི་དགའ་སྐྱོའི་ཚོར་བ་ཕན་ཚུན་འགྲན་པ་བཞིན་དུ་སྐྱེས་ནས་ཞུ་མར་དེ་སྐུ་བྲང་ལ་སྦྱར་ནས་ཡུན་རིང་པོའི་བར་ངུས་སོ། །དེ་ནས་དགེ་སློང་རྣམ་དག་དེས་ཉིན་མང་པོའི་བར་ཞུ་མར་གྱི་ཐལ་རྡུལ་རྣམས་ཕྱག་གིས་བསལ་ནས་ཕྱི་བདར་མཛད་ཅིང་། དེ་ནས་ཞུ་མར་དེ་སྔར་རྒྱུན་བཞིན་འོད་སྣང་རབ་ཏུ་འཚེར་ཞིང་འབར་བར་གྱུར་ཏོ། །དེ་ནས་དེའི་འོད་ཀྱི་སྣང་བས་བླ་དོར་གྱི་གནས་ལ་རྨོངས་པའི་སྐྱེ་བོ་མ་རིག་པའི་མུན་པ་མཐུག་པོའི་ནང་དུ་རྣམ་པར་རྒྱུ་བ་དག་གི་བལྟ་བའི་མིག་གཅིག་པུར་གྱུར་ཏེ། སྐྱེ་བོ་བགྲང་ལས་འདས་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་འཁོད་ཅིང་། གནས་སྐབས་སུའང་བདེ་སྐྱིད་རྫོགས་ལྡན་གསར་པའི་དཔལ་ལ་ལོངས་སུ་སྤྱོད་པའི་སྐལ་བ་ཅན་དུ་གྱུར་ཏོ། །རྫོགས་སོ། །འགྲེལ་བཤད། གོང་གི་སྒྲོན་མེ་བཟོ་སྐྲུན་གནང་མཁན་དེ་ནི་མཉམ་མེད་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་ཞེས་ཡོངས་སུ་གྲགས་པའི་སྐྱེས་ཆེན་དམ་པ་དེ་ཉིད་ཡིན་ལ། སྒྲོན་མེ་དེ་ནི་ཇོ་བོས་བོད་རྣམས་ལ་སྒེར་ཆོས་སུ་གནང་བའི་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ་དེ་ཡིན། དེའི་ཕྱིར་ཞུ་མར་དང་དཔེ་དོན་སྦྱར་བ་ཡིན་ཞིང་། བསྟན་བཅོས་ཀྱི་མཚན་ལའང་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་གསོལ་ཏོ། །མཇུག་ཏུ་ཞུ་མར་དེ་སླར་ཡང་རྙེད་ནས་བྱི་དོར་དང་དག་ཐེར་མཛད་མཁན་དེ་ནི་ཁམས་གསུམ་འགྲོ་བའི་བླ་མ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་ཡིན། ཞུ་མར་བྱི་དོར་བྱས་ཏེ་སླར་ཡང་གཟི་བརྗིད་འབར་བ་དེ་ནི་བྱང་ཆུབ་ལམ་རིམ་ཆེ་ཆུང་མཛད་ནས་བསྟན་འགྲོ་ལ་ཕན་ཐོག་རྒྱ་ཆེར་བྱུང་བ་དང་དཔེ་དོན་སྦྱར་བ་ཡིན་ནོ། །ངོས་ནས་ཐོག་མར་སྒྲུང་འདི་རྩོམ་སྒྲིག་བྱས་ནས་ཆུང་མར་ཤོད་དུས་ཇོ་བོ་དང་ལྷག་པར་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་ཏེ་སྐྱེས་མཆོག་དེ་དག་གི་སྐུའི་སྣང་བ་མིག་གི་མདུན་དུ་བཀྲ་ལམ་མེར་ཤར་བ་ལྟ་བུའི་ཉམས་སྣང་གསལ་ཞིང་རྣོ་བ་ཞིག་བྱུང་ནས་མིག་ཆུ་བཀག་མི་ཐུབ་པ་ཞིག་ཤོར། དེ་ནས་སྐར་ཆ་འགའ་ཤས་རྗེས་ཡང་བསྐྱར་བཤད་པའི་རྩོལ་བ་བྱེད་པ་ན་ངུ་ལྷག་པར་དུ་ཤོར་རོ། །དེར་བརྟེན་འདི་ནི་རང་དགར་གྱི་སྒྲུང་གཏམ་ཕལ་པ་ཞིག་མིན་པར་སྐྱེས་ཆེན་དམ་པར་དད་པ་དང་དག་སྣང་དབང་མེད་དུ་སྦྱིན་པའི་བྱིན་རླབས་ཅན་ཞིག་ཡིན་ཞེས་སྨྲ་བར་སྤོབས་སོ། །གོང་གི་ལོ་རྒྱུས་སྒྲུང་གཏམ་དེ་ཡང་སྒྲོ་བཏགས་ཀྱི་བཅོས་སྒྲུང་ཞིག་མིན་པར། རྗེ་ཉིད་ཀྱི་གསུང་ལ་ཁུངས་བཅོལ་ནས་བྲིས་པ་ཡིན་ནོ། །དེ་ཡང་རྗེའི་བྱང་ཆུབ་ལམ་རིམ་ཆེན་མོ་ལས། གང་དེ་པཎ་ཆེན་མར་མེ་མཛད་ཀྱིས་ནི། །གངས་རིའི་ཁྲོད་དུ་གསལ་བར་མཛད་པ་ལས། །ཕྱོགས་འདིར་རྒྱལ་བའི་ལམ་བཟང་ལྟ་བའི་མིག །དུས་མང་ཞིག་ཏུ་ཟུམ་པར་མ་གྱུར་ཏོ། །དེ་ནས་བསྟན་པའི་གནད་རྣམས་མ་ལུས་པ། །ཇི་བཞིན་མཁྱེན་པའི་མཁས་རྣམས་ཟད་པ་ན། །ལམ་བཟང་འདི་ཡང་རིང་མོ་ཞིག་ནས་ཉམས། །ཚུལ་དེ་མཐོང་ནས་བསྟན་པ་རྒྱས་ཕྱིར་དུ། །རྒྱལ་བས་ཆོས་ཚུལ་ཇི་སྙེད་གསུངས་པ་ཀུན། །ཐེག་པ་མཆོག་གི་བཞོན་པས་འགྲོ་བ་ཡི། །སྐལ་བཟང་གཅིག་གི་ལམ་གྱི་རིམ་པ་རུ། །ལེགས་པར་བསྡུས་ནས་ཉམས་སུ་ལེན་པའི་ཚུལ། །ཧ་ཅང་རྒྱས་མིན་དོན་གྱི་གནད་རྣམས་ཀུན། །མ་ཚང་མེད་ཅིང་བློ་གྲོས་ཆུང་ངུས་ཀྱང༌། །བདེ་བླག་རྟོགས་པར་ནུས་འདི་ལུང་རིགས་ཀྱིས། །ཚུལ་བཞིན་དཔྱོད་པའི་ལམ་ནས་བདག་གིས་དྲངས། །ཞེས་གསུངས་སོ། །ལམ་རིམ་ཉན་པའི་སྣོད་རུང་གི་གང་ཟག་ནི། ལམ་རིམ་འདི་གང་ཟག་ཅི་འདྲ་ཞིག་གིས་ཉན་དགོས་སམ་སྙམ་ན། དེ་ནི་བློ་གཟུ་བོར་གནས་པ་དང་། ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དང་ལྡན་པ། དལ་འབྱོར་དོན་ལྡན་དུ་བྱེད་འདོད་པ་ཞིག་གིས་མཉན་དགོས་པར་གསུངས་ཏེ། དེ་ཉིད་ལས། གང་དག་ཕྱོགས་འཛིན་མུན་པས་མ་བསྒྲིབས་ལ། །ལེགས་ཉེས་འབྱེད་པའི་བློ་ཡི་མཐུ་ལྡན་ཞིང༌། །དལ་བའི་རྟེན་བཟང་དོན་ལྡན་བྱེད་འདོད་པའི། །སྐལ་ལྡན་དེ་རྣམས་རྩེ་གཅིག་བསྒྲིམས་ཏེ་ཉོན། །ཞེས་གསུངས་སོ། །བཀའ་གདམས་གསུང་སྒྲོས་༣༤ན༣ལས། སྟོན་པས་ཇོ་བོ་ལ། ཁོང་གཞན་ལ་སྔགས་ཀྱི་གདམས་པ་གནང་ནས། ངོས་ལ་ལམ་གྱི་རིམ་པ་འདི་གནང་བ་ཇི་ལྟར་ལགས་ཞུས་པས། ངས་ཁྱོད་མིན་པ་གཞན་ལ་གཏོང་ས་མ་རྙེད་པ་ཡིན་གསུང་བ་འདི་ལ་གོ་རྒྱུ་ཤིན་ཏུ་ཆེ་བར་སྣང་ངོ་། །