10580

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་སྒྲོན
Tibetan Definition བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ་ཇོ་བོས་མཛད་པའི་བསྟན་བཅོས་ཤིན་ཏུ་གལ་ཆེ་བ་ཞིག འདི་ལ་ཁྱད་ཆོས་གཙོ་བོ་གསུམ་སྟེ། བརྗོད་བྱ་ཡོངས་སུ་རྫོགས་པ། ལག་ཏུ་བླང་བདེ་བ། ལུགས་གཞན་ལས་ཁྱད་པར་དུ་འཕགས་པ་དང་གསུམ་མོ། །དེ་ཡང་རྗེའི་ལམ་རིམ་ཆེན་མོ་ལས། ཆོས་ཀྱི་ཆེ་བ་བསྟན་པ་ལ། ཆོས་ནི་གདམས་ངག་འདིའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མའོ། །ཇོ་བོས་མཛད་པའི་གཞུང་མང་དུ་ཡོད་ཀྱང་རྩ་བ་ལྟ་བུ་ཡོངས་སུ་རྫོགས་པ་ནི་ལམ་སྒྲོན་ཡིན་ཏེ། མདོ་སྔགས་གཉིས་ཀའི་གནད་བསྡུས་ནས་སྟོན་པས་བརྗོད་བྱ་ཡོངས་སུ་རྫོགས་པ་དང༌། སེམས་འདུལ་བའི་རིམ་པ་གཙོ་བོར་བྱས་པས་ལག་ཏུ་བླང་བདེ་བ་དང༌། ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་གཉིས་ཀྱི་གདམས་པས་བརྒྱན་པས་ལུགས་གཞན་ལས་ཁྱད་པར་དུ་འཕགས་པའོ། །ཞེས་གསུངས་སོ། །གཞན་ཡང་ལམ་སྒྲོན་འདིའི་ཆེ་བ་ལ་བཞི་སྟེ། ཆེ་བ་བཞི་ནི། རྗེའི་ལམ་རིམ་ཆེན་མོ་ལས། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བའོ། །ཞེས་གསུངས་སོ། །ལམ་སྒྲོན་འདི་མདོ་རྐྱང་པའི་གཞུང་ཡིན་ནམ། འོན་ཏེ་མདོ་སྔགས་ཐུན་མོང་བ་ཡིན་ཞེ་ན། འདི་ནི་མདོ་སྔགས་ཐུན་མོང་བའི་གཞུང་ཡིན་ཏེ། གོང་དུ་དྲངས་པའི་ལམ་རིམ་ཆེན་མོ་ལས། མདོ་སྔགས་གཉིས་ཀའི་གནད་བསྡུས་ནས་སྟོན་པས་བརྗོད་བྱ་ཡོངས་སུ་རྫོགས་པ་དང་། ཞེས་གསལ་བར་གསུངས་པས་ཤིང་། ཇོ་བོའི་བྱང་ཆུབ་ལམ་སྒྲོན་གྱི་ཚིག་རིས་ལའང་གསལ་ཏེ། སྔགས་མཐུ་ཉིད་ལས་གྲུབ་པ་ཡི། །ཞི་དང་རྒྱས་སོགས་ལས་རྣམས་ཀྱིས། །བུམ་པ་བཟང་གྲུབ་ལ་སོགས་པ། །གྲུབ་ཆེན་བརྒྱད་སོགས་སྟོབས་ཀྱིས་ཀྱང་། །བདེ་བ་ཡིས་ནི་བྱང་ཆུབ་ཚོགས། །ཡོངས་སུ་རྫོགས་པར་འདོད་པ་དང་། །བྱ་བ་སྤྱོད་སོགས་རྒྱུད་གསུངས་པའི། །གལ་ཏེ་གསང་སྔགས་སྤྱོད་འདོད་ན། །དེ་ཚེ་སློབ་དཔོན་དབང་བསྐུར་ཕྱིར། །བསྙེན་བཀུར་རིན་ཆེན་སོགས་སྦྱིན་དང་། །བཀའ་སྒྲུབ་ལ་སོགས་ཐམས་ཅད་ཀྱིས། །བླ་མ་དམ་པ་མཉེས་པར་བྱ། །ཡོངས་རྫོགས་སློབ་དཔོན་དབང་བསྐུར་བས། །སྡིག་ཀུན་རྣམ་དག་བདག་ཉིད་ནི། །དངོས་གྲུབ་སྒྲུབ་པའི་སྐལ་ལྡན་འགྱུར། །དང་པོ་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པས་བཀག་པའི་ཕྱིར། །གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །གལ་ཏེ་དབང་བསྐུར་དེ་འཛིན་ན། །ཚངས་སྤྱོད་དཀའ་ཐུབ་ལ་གནས་པས། །བཀག་པས་སྤྱད་པར་འགྱུར་བའི་ཕྱིར། །དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ། །བརྟུལ་ཞུགས་ཅན་དེ་ཕམ་པ་ཡི། །ལྟུང་བ་དག་ནི་འབྱུང་འགྱུར་ཞིང་། །དེ་ནི་ངན་སོང་ངེས་ལྷུང་བས། །གྲུབ་པ་ཡང་ནི་ཡོད་མ་ཡིན། །རྒྱུད་ཀུན་ཉན་དང་འཆད་པ་དང་། །སྦྱིན་སྲེག་མཆོད་སྦྱིན་སོགས་བྱེད་པ། །སློབ་དཔོན་དབང་བསྐུར་རྙེད་འགྱུར་ཞིང་། །དེ་ཉིད་རིག་ལ་ཉེས་པ་མེད། །གནས་བརྟན་མར་མེ་མཛད་དཔལ་གྱིས། །མདོ་སོགས་ཆོས་ལས་བཤད་མཐོང་བ། །བྱང་ཆུབ་འོད་ཀྱིས་གསོལ་བཏབ་ནས། །བྱང་ཆུབ་ལམ་བཤད་མདོར་བསྡུས་བྱས། །ཞེས་གསུངས་སོ། །དེས་ན་ཇོ་བོའི་ལམ་སྒྲོན་དང་རྗེའི་ལམ་རིན་ཆེན་མོ་གཉིས་ཀ་ཡང་མདོ་སྔགས་ཐུན་མོང་བའི་གཞུང་དུ་ཤེས་པར་བྱའོ། །བྱང་ཆུབ་ལམ་གྱི་སྒྲོན་མ་ལ་ངོས་ཤོག་༦དང་། དེའི་རང་འགྲེལ་དཀའ་འགྲེལ་ལ་ངོས་ཤོག་༡༠༤དང་། རྗེའི་ལམ་རིམ་ཆེན་མོར་ངོས་ཤོག་༡༠༤༦ཡོད། ལམ་སྒྲོན་དང་དེའི་རང་འགྲེལ་གཉིས་ཀ་སྡེ་དགེ་བསྟན་འགྱུར་༼ཁི་པར༽བཞུགས་སོ། །