10623

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་ལམ་བཅུ
Tibetan Definition ནག་པོའི་ལས་ལམ་བཅུ་དང་། དཀར་པོའི་ལས་ལམ་བཅུ་ལ་ཟེར། སྒྲ་བཤད་ནི། ལས་ཀྱང་ཡིན་ལ་ལམ་ཡང་ཡིན་པས་ན་ལས་ལམ་ཞེས་བརྗོད་དོ། །དེ་དག་ལ་ལམ་ཞེས་བརྗོད་པའི་རྒྱུ་མཚན་ནི། ལམ་གྱི་སྒྲ་འཇུག་ཡུལ་མང་དུ་ཡོད་ཀྱང་འདིར་ཐབས་སམ་རྒྱུ་ལ་འཇུག་པའི་དབང་དུ་བྱས་ནས། བདེ་འགྲོ་དང་ངན་འགྲོར་འགྲོ་བའི་ཐབས་སམ་རྒྱུ་ཡིན་པས་ན་ལམ་ཞེས་བརྗོད་དོ། །དཔེར་ན་ལམ་མམ་ལམ་ཀ་དེ་གནས་གཞན་དུ་འགྲོ་བའི་ཐབས་ཡིན་པ་བཞིན་ནོ། །རིན་ཆེན་ཕྲེང་བའི་རྒྱ་ཆེར་བཤད་པ་༡༣༡ན༣ལས། ལས་ནི་གསོད་པ་ལ་སོགས་པ་སྤོང་བའི་མཚན་ཉིད་ཀྱིས་བྱ་བའོ། །དེ་ཉིད་ལམ་ཡིན་ཏེ། གནས་གཞན་དུ་འགྲོ་བའི་ཐབས་ཡིན་པའི་ཕྱིར་རོ། །དེ་དང་འདྲ་བར་ལས་ཉིད་ལམ་ཡིན་པས་ལས་ལམ་མོ། །ཞེས་གསུངས། བཤེས་སྤྲིང་གི་འགྲེལ་པ་༼ ངེ ༽༧༦ན༡ལས་ཀྱང་། བྱ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ལས་ཀྱང་ཡིན་ལ། བདེ་འགྲོའི་ལམ་ཡང་ཡིན་པས་ལས་ཀྱི་ལམ་མོ། །ཞེས་གསུངས་སོ། །ལས་དང་ལས་ཀྱི་ལམ་གཉིས་ཀྱི་ཁྱད་པར་གང་ཞེ་ན། ལུས་ངག་གི་བདུན་པོ་རྣམས་ནི། ལས་དང་ལས་ཀྱི་ལམ་གཉིས་ཀ་ཡིན། བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་ནི། ལས་ཀྱི་ལམ་ཡིན་ཀྱང་ལས་མ་ཡིན་ཏེ། དེ་ཉོན་མོངས་པའི་ཕྱིར། མཛོད་ལས། གསུམ་ལམ་བདུན་ནི་ལས་ཀྱང་ཡིན། །ཞེས་དང་། བརྣབ་སེམས་ལ་སོགས་ལས་མིན་ཡང་། །ཞེས་གསུངས་སོ། །རྗེའི་ལམ་རིམ་ཆེན་མོར། སེམས་བྱུང་སེམས་པ་ནི་ལས་ཡིན་ལ། དེ་འདྲའི་སེམས་པ་དེ་འཇུག་པའི་ཡུལ་གསོད་པ་དང་རྐུ་བ་སོགས་ལ་ལམ་ཞེས་ཐ་སྙད་མཛད་པ་ནི་མངོན་པ་མཛོད་ལྟར་ཡིན་པས་གོང་གི་རིན་ཆེན་ཕྲེང་བའི་རྒྱ་ཆེར་བཤད་པ་དང་ཅུང་མི་འདྲའོ། །རྗེའི་ལམ་རིམ་ཆེན་མོ་ལས། དེ་དག་ལས་ཡིད་ལས་སེམས་པ་ནི་ལས་ཡིན་ལ་ལས་ཀྱི་ལམ་མིན་ནོ། །ལུས་ངག་གི་ལས་བདུན་ནི་ལས་ཀྱང་ཡིན་ལ་སེམས་པ་འཇུག་པའི་གཞི་ཡང་ཡིན་པས་ལས་ཀྱི་ལམ་ཡང་ཡིན་ནོ། །བརྣབ་སེམས་སོགས་གསུམ་ནི་ལས་ཀྱི་ལམ་ཡིན་གྱི་ལས་མིན་ནོ། །མདོར་ན་ལས་ལམ་ཞེས་པ་ལས་ཀྱང་ཡིན་ལ། ལམ་ཡང་ཡིན་པས་ལས་ལམ་ཞེས་པ་ཞིག་དང་། ཡང་ལས་ཀྱི་འཇུག་ཡུལ་ཡིན་པའི་ཆ་ནས་ལས་ལམ་ཞེས་པ་གཉིས་ཡོད་དེ། དང་པོ་རིན་ཆེན་ཕྲེང་བའི་རྒྱ་ཆེར་བཤད་པ་དང་། གཉིས་པ་ལམ་རིམ་དང་མཛོད་སོགས་ཀྱི་ལུགས་གཉིས་ཡོད་དོ། །