10656

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུང་ཕྲན་ཚེགས
Tibetan Definition (འདུལ་བ) འདུལ་བ་ལུང་སྡེ་བཞིའི་ཡ་གྱལ་ཏེ། འདི་ནི་ལུང་གཞི་དང་ལུང་རྣམ་འབྱེད་དང་གཞུང་བླ་མ་བཅས་ཀྱི་མ་ཚང་བ་ཁ་སྐོང་ལྟ་བུ་ཡིན་པར། བུ་སྟོན་རིན་པོ་ཆེ་གསུང་ངོ༌། །འདི་ལ་གླེགས་གཉིས་ཡོད་ཅིང་། བཀའ་འགྱུར་འདུལ་བ་༼ ཐ་པ ༽དང་། ༼ ད་པ ༽གཉིས་ན་བཞུགས་སོ། ། (འདིའི་མིང་བྱང་ལ་འདུལ་བ་ཕྲན་ཚེགས་ཀྱི་གཞི་ཞེས་འཁོད་ཡོད་ཅིང་། རྒྱ་གར་སྐད་དུ། བིན་ཡ་ཀྵུ་དྲ་ཀ་བསྟུ་ཟེར) ཡང་བསླབ་བྱ་ཕྲ་མོ་ཐམས་ཅད་རྒྱས་པར་སྟོན་པའི་སྒོ་ནས་སོ་ཐར་གྱི་མདོའི་སྤྱི་དོན་ལྟ་བུ་ཡིན་ཀྱང་ཟེར། སྒྲ་བཤད་ནི། བསླབ་པའི་གཞི་དང་ཁ་ན་མ་ཐོ་བ་ཕྲ་ཞིང་ཕྲ་བ་རྣམས་སྟོན་པར་བྱེད་པའི་ལུང་ངམ་སངས་རྒྱས་ཀྱི་བཀའ་ཡིན་པས་དེ་སྐད་ཅེས་བྱའོ། །སྤྱིར་བཏང་ཕྲན་ཚེགས་ནི། ཕྲ་བ། ཆུང་བ། ཉུང་ངུ་བཅས་ཀྱི་དོན་ནོ། །ཕྲན་ཚེགས་ཞེས་པའི་དོན་འདུལ་བ་ལུང་ཕྲན་ཚེགས་གླེགས་བམ་གཉིས་པ་༣༠༨ན་ཡང་གསལ་བས་དེར་གཟིགས། ཕྲན་ཚེགས་འདི་སྐབས་སྔོན་གྱི་དཀར་ཆག་རྣམས་སུ་བམ་ཚད་སོགས་སྣ་ཚོགས་བྱུང་བ་ནི་ལོ་ཙཱ་བ་མང་པོས་དུམ་བུར་བསྒྱུར་བས་ཕྱོགས་གཅིག་ཏུ་བསྡོམས་པའི་ཚེ་ཚང་མ་ཚང་ཅི་རིགས་བྱུང་བའི་རྐྱེན་གྱིས་ཡིན་ལ་སྒོ་བརྒྱད་ཀ་ཡོངས་སུ་རྫོགས་པ་འདི་ནི་ལ་སྟོད་འོལ་རྒོད་ཀྱི་གཙུག་ལག་ཁང་དུ་གནས་བརྟན་དར་མ་སེང་གེས་ལུང་སྡེ་བཞི་བཞེངས་པའི་ཚེ་དགེ་བའི་བཤེས་གཉེན་འདུལ་བ་འཛིན་པ་ཞིང་མོ་ཆེ་བ་བྱང་ཆུབ་སེང་གེས་ཕྱག་ལེན་མཛད་ནས་སྤྱིར་དབུས་གཙང་གི་གཙུག་ལག་ཁང་རྣམས་ན་བཞུགས་པ་དང༌། ཁྱད་པར་དུ་བསམ་ཡས་མཆིམས་ཕུ་ནས་དག་ཆུང་པ་དང༌། དགེ་སློང་ཚུལ་ཁྲིམས་ཡོན་ཏན་གྱིས་རྙེད་པའི་ལུང་རྣམས་དཔེ་ཡོན་དང་འབད་རྩོལ་ཆེན་པོས་བཙལ་ཏེ། དེ་དག་ལ་གཏུགས་པས་ལུང་ཕྲན་ཚེགས་ཁ་ཅིག་ལ་མི་བཞུགས་པ། ཁ་ཅིག་ལ་བཞུགས་པ་རྣམས་ཀྱིས་བསྐངས་ནས་བསབས་པ་ནི་བམ་པོ་སུམ་ཅུ་རྩ་གསུམ་སྨན་ཆེན་པོའི་གཏམ་རྒྱུད་ཀྱི་སྐབས་ནས། སྨན་ཆེན་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་སྐྱུགས་ཤིག་དང་བདེན་ནམ་རྫུན་བལྟའོ་ཞེས་སྨྲས་པ་དང་ཞེས་བྱ་བ་ནས་བམ་པོ་སུམ་ཅུ་རྩ་བཞི་པའི་དབུ། ཇི་ཙམ་ན་དེ་གྲོང་ཁྱེར་ནས་བྱུང་བ་དང༌། བྲམ་ཟེ་མོང་བརྟུལ་ཞེས་བྱ་བས་གོས་ཀྱི་མཐའ་མ་ནས་འཇུས་ནས་ཞེས་བྱ་བའི་བར་དུ་བམ་པོ་གཅིག་ཆད་པ་བསྐངས། སྡོམ་ནི་ང་ཡང་སྨན་གྱིས་དེ་བཞིན་ནོ་ཞེས་བྱ་བའི་འོག་ཏུ་ཡིག་ཚར་གཅིག་ཆད་པ་བསྐངས། དེ་ནས་བམ་པོ་སུམ་ཅུ་རྩ་བཞི་པའི་སྨད་ནེ་ཙོ་སྤྱོད་གསལ་གྱི་སྐབས་རྫོགས་པའི། ཨེ་མའོ་འདི་ལྟར་ཁྱོད་མཁས་པ་ཤ་སྟག་དང་ཕྲད་པ་ནི་བསོད་ནམས་དང་ལྡན་ནོ་ཞེས་སྨྲས་སོ། །ཞེས་བྱ་བ་ནས་བམ་པོ་བཞི་བཅུ་རྩ་གསུམ་པའི་སྟོད། སྤྱིའི་སྡོམ་ནི། དགེ་སློང་མའི་བཀུར་སྟི་བྲི་ཞེས་བྱ་བའི་བར་དུ་བམ་པོ་སུམ་ཅུ་རྩ་བཞི་པའི་སྨད་ནས་བཞི་བཅུ་རྩ་གསུམ་པའི་སྟོད་ཀྱི་བར་བམ་པོ་དགུ་ཆད་པ་བསྐངས། སྡོམ་ཚིག་དེའི་འོག་ཏུ་སྡོམ་ཚིག་ཡིག་ཚར་གཅིག་ཆད་པ་བསྐངས། དེ་ནས་བམ་པོ་བཞི་བཅུ་རྩ་དྲུག་པའི་མཇུག་བྲམ་ཟེའི་ཁྱེའུ་མ་སྡུག་གི་གླེང་གཞིའི་སྐབས་ཀྱི། དགེ་སྦྱོང་རྣམས་ཀྱི་ཡོན་པོའི་སྤྱད་ཀྱིས་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ་ཞེས་བྱ་བ་ནས། བམ་པོ་བཞི་བཅུ་རྩ་བརྒྱད་པའི་དབུ། དེ་ནས་དེའི་ཚེ་བྲམ་ཟེ་པདྨའི་སྙིང་པོ་ཁྱིམ་མཆོག་གི་ས་མཐོན་པོ་ཞིག་ན་ཤས་ཆེ་བའི་བྲམ་ཟེ་རྒན་རབས་རྣམས་དང་ལྷན་ཅིག་ཏུ་འདུས་ཤིང་འཁོད་པར་གྱུར་ཏོ། །ཞེས་བྱ་བའི་བར་དུ་བམ་པོ་བཞི་བཅུ་རྩ་བདུན་པ་ཆད་པ་བསྐངས་སོ། །དེ་ནས་བམ་པོ་ལྔ་བཅུ་པའི་མཇུག་ཀུན་དགའ་བོ་ལ་གདམས་པའི་སྐབས་ཀྱི། ཀུན་དགའ་བོ་དགེ་སློང་འདི་ལྟ་བུ་ནི་བདག་ཉིད་གླིང་དང་བདག་ཉིད་སྐྱབས་དང༌། ཆོས་ཀྱི་གླིང་དང༌། ཆོས་ཀྱི་སྐྱབས་གནས་པར་བྱའི། གླིང་གཞན་དང་སྐྱབས་གཞན་གྱིས་མ་ཡིན་ནོ་ཞེས་བྱ་བ་ནས་བམ་པོ་ལྔ་བཅུ་གཉིས་པའི་སྟོད། བར་སྡོམ་ནི། ཙ་པ་ལ་དང་ཚེའི་འདུ་བྱེད་མཛད། ཅེས་བྱ་བའི་བར་དུ་བམ་པོ་གཅིག་ཆད་པ་བསྐངས་ཏེ། སྤྱིར་བསྡོམས་ན་བམ་པོ་བཅུ་གཉིས་དང༌། སྡོམ་ཚིག་ཡིག་ཚར་གཉིས་ཆད་པ་བསྐངས་པར་བཤད་ཅིང༌། ཕྱིས་བུ་སྟོན་ཐམས་ཅད་མཁྱེན་པས་ཀྱང་སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱི་འགྲེལ་པ་ལ་གཏུགས་ཏེ་ཞུས་དག་མཛད་པར་གྲགས་པ་ལྟར་ཁོ་བོས་ཐེམ་སྤངས་མའི་དཔེ་རྒྱུན་དང་འགྲེལ་པ་གཉི་ག་སྒོ་བསྟུན་ནས་ཆད་པ་རྣམས་བསབས་པ་ཡིན་ནོ། །ཞེས་བཀའ་འགྱུར་དཀར་ཆག་ཏུ་འབྱུང་བ་ལྟར་རོ། །