10664

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུང་ཞུ་བ
Tibetan Definition (འདུལ་བ) འདུལ་བ་ལུང་སྡེ་བཞིའི་ཡ་གྱལ་ཏེ། འདིས་ལུང་གཞི་དང་རྣམ་འབྱེད་ཀྱི་དོན་ཞིབ་ཏུ་འཆད་པས་དེ་དག་གི་འགྲེལ་པ་ལྟ་བུ་ཡིན། ཞེས་བུ་སྟོན་རིན་པོ་ཆེ་གསུང༌། ཡང་སོ་སོར་ཐར་པའི་མདོའི་དོགས་གཅོད་དང་དཀའ་གནད་གཏན་འབེབས་པའི་མདོ་ཡིན་ཀྱང་ཟེར། (འདིའི་མིང་བྱང་ལ་འདུལ་བ་གཞུང་བླ་མ་ཞེས་འཁོད་ཡོད་ཅིང་། རྒྱ་གར་སྐད་དུ། བིན་ཡ་ཨུཏྟ་ར་གྲན་ཐ་ཟེར) འདི་ལ་འདུལ་བ་གཞུང་བླ་མ། འདུལ་བ་གཞུང་བླ་མ། གཞུང་ཕྱི་མ། གཞུང་དམ་པ། གཞུང་བླ་མ། ལུང་བླ་མ། ལུང་གཞུང་བླ་མ་བཅས་ཟེར། འདི་ལ་ཞུ་བ་མ་རྫོགས་པ་ཤློ་ཀ་སུམ་སྟོང་དྲུག་བརྒྱ་དང་བམ་པོ་བཅུ་གཉིས་པ་ཞིག་དང་། ཞུ་བ་རྫོགས་པ་ཤློ་ཀ་ཆིག་ཁྲི་ལྔ་སྟོང་དགུ་བརྒྱ་དང་བམ་པོ་ལྔ་བཅུ་རྩ་གསུམ་ཡོད་པ་གཉིས་ཡོད། འདི་ལ་གཞུང་ཕྱི་མ་དང་གཞུང་བླ་མ་ཟེར་བའི་རྒྱུ་མཚན་ནི། ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་འདུལ་བ་མདོ་རྩ་བའི་ཊཱི་ཀ་ལས། གཞུང་དམ་པའམ་བླ་མ་ནི་འགྱུར་གྱི་ཁྱད་པར་ཏེ་སྐད་དོད་ཨུཏྟར་ཞེས་པ་སྟེང་ (སྟེང་དང་། བླ། བླ་མ་རྣམས་དོན་འདྲ) དང་བྱང་དང་ཕྱི་མ་ལ་འཇུག་པ་ལས་འདི་ཕྱི་མའི་དོན་ཏེ། སྨན་དཔྱད་ལ་རྒྱུད་སྔ་ཕྱི་གཉིས་ཡོད་པ་བཞིན་དུ་འདིར་ཡང་ལུང་དང་པོ་གསུམ་ནི་གཞུང་སྔ་མ་ཡིན་ལ། དེ་རྣམས་ཀྱི་དོན་རྟོགས་དཀའ་ཞིང་ཟབ་པ་རྣམས་འདིས་སྟོན་ཅིང་གཏན་ལ་འབེབས་པས་ན་ཤིན་ཏུ་གཅེས་པའི་འགྲེལ་པ་འདུལ་བའི་གཞུང་ཕྱི་མ་སྟེ་བམ་པོ་ལྔ་བཅུ་རྩ་གསུམ་མོ། །ཞེས་གསུངས་པ་ལྟར་རོ། །ལུང་ཞུ་བའམ་ལུང་དམ་པ་ལ་ལེའུ་བཅུ་ཡོད་དེ། འདུལ་བྱེད། གཅིག་ལས་འཕྲོས་པ། ལྔ་ཚན། བཅུ་དྲུག་ཚན། གླེང་གཞི། རྐྱང་པའམ་སིལ་བུ། གཏམ་གྱི་གཞི། མ་ན་པི་ཀའམ་བྲམ་ཟེའི་བུ་མོས་ཞུས་པ། ལུང་མ་མོ། ལུས་སོགས་ཀྱི་ལེའུ་སྟེ་ལེའུ་བཅུའོ། །ལུང་ཞུ་བ་༼ པ་པ ༽སྟེ་གླེགས་བམ་ཐ་མ་༣༡༠བ༣ལས། སྤྱིའི་སྡོམ་ལ། ཞུ་བ་འདུལ་བྱེད་གཅིག་ལས་འཕྲོས། །ལྔ་ཚན་བཅུ་དྲུག་ཚན་དང་ནི། །གླེང་གཞི་རྐྱང་པ་གཏམ་གྱི་གཞི། །མ་ན་པི་ཀ་མ་མོ་དང་། །ལུས་སོགས་སྟོན་པ་ཐ་མ་སྟེ། །ལེའུ་དག་ཏུ་ཡང་དག་འདོད། །ཅེས་གསུངས་པ་ལྟར་རོ། །