From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| ལུས་དབེན
|
| Tibetan Definition
|
ལུགས་འདིའི་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པའི་རྣལ་འབྱོར་པས་འོག་སྒོར་ཕྲ་མོ་བསྒོམས་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་སྟོང་པའི་ཡེ་ཤེས་སྐྱེས་པ་ནས་བཟུང་སྟེ། སྟེང་འོག་གི་རླུང་རྣམས་སྙིང་གའི་དྷཱུ་ཏཱིར་ཐིམ་པ་ལས་བྱུང་བའི་ཡེ་ཤེས་མ་སྐྱེས་ཚུན་ཆད་ཀྱི་རྫོགས་རིམ་ནི། རྫོགས་རིམ་དུ་གྱུར་པའི་ལུས་དབེན་གྱི་ངོ་བོའོ། །ལུས་དབེན་ལ་དབྱེ་ན། རྫོགས་རིམ་དུ་གྱུར་པའི་ལུས་དབེན་དང༌། བསྐྱེད་རིམ་དུ་གྱུར་པའི་ལུས་དབེན་གཉིས་ལས། དང་པོ་ལ་དམ་པ་རིགས་བརྒྱའི་ལུས་དབེན། དེ་ཉིད་རིགས་ལྔའི་ལུས་དབེན། གསང་བ་རིགས་གསུམ་གྱི་ལུས་དབེན། གསང་ཆེན་རིགས་གཅིག་གི་ལུས་དབེན་རྣམས་སོ། །ཡང་ན། རྗེས་ཐོབ་ཏུ་ཡུལ་དབང་སོགས་ཀྱི་ཆོས་རྣམས་བདེ་སྟོང་གི་རྣམ་འགྱུར་དུ་འཆར་བའི་སོར་སྡུད་དང༌། བདེ་སྟོང་གི་རྣམ་འགྱུར་ལྷར་འཆར་བའི་བསམ་གཏན་གཉིས་ཡོད། ལུས་དབེན་གྱི་དབེན་གཞི་ནི རགས་པ་ཉེར་ལྔ་སྟེ། རང་གི་ཕུང་པོ་ལྔ། ཁམས་བཞི། སྐྱེ་མཆེད་དྲུག ཡུལ་ལྔ། གཞི་དུས་ཀྱི་ཡེ་ཤེས་ལྔ་སྟེ་ཉེར་ལྔའོ། །རགས་པ་ཉེར་ལྔའི་རྣམ་གཞག་འདི་རྗེའི་རིམ་ལྔ་གདན་རྫོགས་ན་གསལ། རགས་པ་ཉི་ཤུའི་རྣམ་གཞག་འདི་རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ། གང་དབེན་རྒྱུ་ནི དེ་དག་ལ་ཐ་མལ་གྱི་སྣང་ཞེན་ནོ། །དབེན་པའི་དོན་ནི དེ་དག་བདེ་སྟོང་གིས་རྒྱས་བཏབ་སྟེ་སྒོམ་པའོ། །
|