10725

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལེགས་པའི་སྐར་མ
Tibetan Definition (འདུལ་བ) བདག་ཅག་གི་སྟོན་པ་ལ་ལོག་ལྟ་ཁོ་ན་བྱེད་མཁན་གྱི་དགེ་སློང་ཞིག དགེ་སློང་ལེགས་པའི་སྐར་མ་དང་དོན་གཅིག དེ་ཡང་སྔོན་དགེ་སློང་ལེགས་པའི་སྐར་མ་ཞེས་བྱ་བ། མདོ་སྡེ་བཅུ་གཉིས་བློ་ལ་ཡོད་པ། བསམ་གཏན་དང་པོའི་ཏིང་ངེ་འཛིན་ཐོབ་པ། བཅོམ་ལྡན་འདས་ཀྱི་ཉེ་གནས་ལོ་བཅུ་གཉིས་བྱས་ཀྱང་། བཅོམ་ལྡན་འདས་སེམས་ཅན་འདུལ་བའི་ཐབས་དང་སྤྱོད་པ་ཅི་མཛད་ཐམས་ཅད། གཡོ་དང་སྒྱུ་རུ་མཐོང་བས་ཉེས་དམིགས་ཀྱིས། དངོས་སུ་སའི་མཐོངས་བྱེ་ནས་སེམས་ཅན་དམྱལ་བར་སོང་བའི་ལོ་རྒྱུས། དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་༡༩༤ན་གསལ་ལོ། །འོ་ན་ལེགས་སྐར་འདི་སུ་ཞིག་ཡིན་ནམ་ཞེ་ན། སྡེ་སྲིད་སངས་རྒྱས་རྒྱ་མཚོས། འདི་ཡབ་ཟས་གཙང་ལ་གཅུང་པོ་གསུམ་ཡོད་པའི་རྒན་ཤོས་ཟས་དཀར་གྱི་སྲས་རྒྱལ་ཞེས་བྱ་བ་དེ་ཡིན་ཟེར། སྐར་མ་རྒྱལ་ལ་སྐྱེས་པས་རྒྱལ་ཞེས་བཏགས་པར་བཤད་ཅིང་། དེ་ལ་འགྱུར་མི་འདྲ་བའི་དབང་གིས། སྐར་བཟང་དང་། རྒྱུ་སྐར་བཟང་པོ། སྐར་ལེགས། ལེགས་སྐར། སྐར་བཟང་སོགས་སྣ་ཚོགས་ཤིག་འབྱུང་བར་བཤད་དེ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་༣༣༢བ༤ལས། སྟོན་པ་དང་དུས་མཉམ་དུ་ཤཱཀྱ་ཟས་དཀར་གྱིས་སྲས་སུ་སྐར་མ་རྒྱལ་ལ་སྐྱེས་པར་བརྟེན་རྒྱལ་ལམ་སྐར་བཟང་རྒྱུ་སྐར་བཟང་པོ་ཞེས་སམ་སྐར་ལེགས་དང་ལེགས་སྐར་དུ་ཉེར་བསྒྱུར་སུ་ལེགས་པ་དང་བཟང་པོར་བསྒྱུར་བའི་དབང་གིས་སྣ་ཚོགས་དང་། གཞན་ཡང་ཀླུ་སྐྱོང་དུའང་བརྗོད་པ། དཔེར་ན། དཀོན་ཅོག་བརྩེགས་པའི་ལེའུ་དང་པོ་སྡོམ་པ་གསུམ་བསྟན་ (ལུང་འདི་དཀོན་བརྩེགས་༼ ཀ ༽༢༦ན༣ན་གསལ) པར། འོད་སྲུངས། དགེ་སློང་ཀོ་ཀ་ལིཀ་དང་། དགེ་སློང་ལྷས་བྱིན་དང་། དགེ་སློང་ཁཎྜ་དྲ་བྱ་དང་། དགེ་སློང་ཀརྟ་ཏི་ཤྱ་དང་། དགེ་སློང་རྒྱ་མཚོ་བྱིན་ལ་ལྟོས། འོད་སྲུངས། རྟ་ཐུལ་དང་། ནབས་སོ་ལ་ལྟོས། འོད་སྲུངས། དགེ་སློང་སྐར་བཟངས་ངའི་གཡོག་བྱེད། ངའི་མདུན་ན་སྨྲ་ཞིང་འཆག་པ་དང་འདུག་པ་ལ་ཡང་བལྟ། རྫུ་འཕྲུལ་གྱི་སྟོབས་ཀྱིས་སྟེང་གི་བར་སྣང་ལ་འཆག་པ་ཡང་བལྟ། ཆོས་དང་མཐུན་པས་མུ་སྟེགས་ཅན་སྟོང་ཚར་བཅད་པ་ལའང་བལྟ། དེ་ང་ལ་དད་པར་མི་བྱེད་ཅིང་། ཚིག་རེ་རེ་ལ་ཡང་མཐུན་པར་མི་བྱེད་པ་ལ་ལྟོས། གང་ཚིག་རེ་རེ་ལ་ཡང་མཐུན་པར་མི་བྱེད་པ་དེ་ནི། ངན་པར་འགྲོ་བར་འགྱུར་རོ། །ཞེས་དང་། མྱ་འདས་ལེའུ་བཅུ་གཉིས་འོད་སྲུངས་ཀྱིས་ཞུས་པའི་ལེའུར། དགེ་སློང་ལེགས་པའི་སྐར་མ་ཞེས་བགྱི་བ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་མཛད་དུས་སྲས་ལགས་ཏེ་རབ་ཏུ་བྱུང་ནས་མདོ་སྡེ་བཅུ་གཉིས་འཆང་བ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། རྣམ་པར་ཕྱེ་སྟེ་གྲོལ་ཞིང་བཤད་པ་ཡང་བགྱིད། འདོད་པའི་ཁམས་ཀྱི་ཀུན་ནས་ཉོན་མོངས་པ་ཡང་བཅོམ། བསམ་གཏན་བཞི་ཡང་ཐོབ་ནས། ཅིའི་སླད་དུ་དེ་བཞིན་གཤེགས་པས་ལོག་སྲེད་ཅན་ཡིན་ཏེ་ཀུན་གྱི་མཐར་གྱུར་པ་འདི་བསྐལ་པའི་བར་དུ་སེམས་ཅན་དམྱལ་བར་གནས་ཀྱང་སོར་མི་རུང་ངོ་ཞེས་ལུང་བསྟན་པ་ཅིའི་སླད་དུ་སྔར་དམ་པའི་ཆོས་བསྟན་ཀྱང་ཕྱིས་མགོན་དང་སྐྱབས་མཛད་པར་མི་འགྱུར་ན་ཐུགས་རྗེ་ཆེན་པོ་དང་ལྡན་ཞིང་ཐབས་མཁས་པ་ཅི་ཞིག་ལགས། ཞེས་སོགས་གསོལ་བས། དེ་ལན་དུ། ཞེས་སོགས་གསུངས་སོ། །འདི་ལ་རྗེའི་རྣམ་ཐར་ཆེན་མོ་སོགས་སུ་ལེགས་ཀར་བྲིས་པ་ཡི་གེ་མ་དག་པ་ཡིན། གཟའ་སྐར་གྱི་སྐར་མ་ཡིན་པ་གོང་དུ་བཤད་པ་ལྟར་སྐར་མ་རྒྱལ་གྱི་དུས་སུ་སྐྱེས་པས་མིང་རྒྱལ་ཞེས་བཏགས་པ་དེས་ཤེས་ནུས་སོ། །འདི་སྐོར་ཞིབ་པར་གཟིགས་འདོད་ན། མདོ་དཀོན་བརྩེགས་༼ ཀ ༽༢༦ན༣དང་། མདོ་མྱང་འདས་༼ ཏ ༽༡༨༦བ༦དང་། གཡའ་སེལ། རྗེའི་རྣམ་ཐར་ཆེན་མོ། ཚེ་ཏན་ཞབས་དྲུང་གི་དྲིས་ལན་༢༦བ༥སོགས་སུ་སྣང་ངོ་། །