10729

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལེགས་བརྗོད་བདག་པོ
Tibetan Definition (མངོན་བརྗོད) ལྷའི་དབང་བརྒྱ་བྱིན་གྱི་མིང༌། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། མཐོ་རིས་འདྲེན་པ་མཐོ་རིས་རྒྱལ། །ལྷ་ཡི་རྒྱལ་པོ་འཇེར་འཇིགས་དང༌། །གཙང་བྱེད་མགོན་པོ་རྡོ་རྗེ་ཅན། ། (འདིས་ལྷ་མ་ཡིན་སྟོབས་ལྡན་དང༌། འཕེལ་བ་དང༌། རྨུགས་བྱེད་དང༌། གྲོལ་མེད་བཅས་པ་རྣམས་བསད་པས) སྟོབས་ལྡན་དགྲ་བོ་ (ཞེས་སོགས་སུ་གྲགས་སོ) ལྷ་ཡི་བདག །འཆི་མེད་བདག་པོ་ལེགས་བྲིས་གཙོ། །གྲགས་པའི་མུ་ཁྱུད་ལྷའི་རྔ་ཅན། །མཆོད་སྦྱིན་བརྒྱ་པ་ (ནི་མུ་སྟེགས་པ་རྣམས་མཆོད་སྦྱིན་བརྒྱ་བྱས་ན་ལྷའི་དབང་པོ་ཐོབ་ཅེས་ཟེར་ལ། འདིས་ཀྱང་སྔོན་མཆོད་སྦྱིན་བརྒྱ་བྱས་པར་གྲགས་སོ) བདེ་སོགས་བདག །ལྷ་དབང་ལེགས་སྐྱོབ་སྐབས་གསུམ་དབང༌། །རྒན་ལ་ཉན་དང་ཤིས་བརྗོད་ཉན། །གནས་ཀྱི་བདག་པོ་སྤྲིན་ལ་ཞོན། །བཟོད་དཀས་རེངས་དང་གཞན་བསྙེམས་བཟོད། །ཆར་འབེབས་གྲོང་འཇོམས་གྲོལ་བྱེད་འཇོམས། །པུ་ལོ་མ་དགྲ་གང་པོ་འབོད་ (ནི་ལྷ་མ་ཡིན་གང་པོ་ཞེས་བྱ་བ་འདིས་བོས་པས་དེ་ལྟར་དུ་གྲགས་སོ) ཧ་རིའི་རྟ་ཅན་སྨིན་པ་གསོད། །ཚིག་མདའི་མགོན་པོ་མིག་སྟོང་ཅན། ། (ནི་སྔོན་དྲང་སྲོང་གཽ་ཏ་མའི་ཆུང་མ་བཤོལ་མེད་མ་ཞེས་བྱ་བ་ཤིན་ཏུ་སྡུག་ཅིང་ཡིད་དུ་འོང་བ་ཞིག་ཡོད་པ་ཤིང་གི་ཁོང་གསེང་དུ་སྦས་པས། དེ་མི་དགའ་ནས་ཕྱིར་བཏོན་ཏེ། འདི་ཕན་ཆད་མ་འགྲོ་ཞིག་ཅེས་ཟེར་རོ། །དེ་ནས་དྲང་སྲོང་གཞན་དུ་སོང་བའི་ཤུལ་དུ་བརྒྱ་བྱིན་དེ་དང་ལྷན་ཅིག་གནས་སོ། །དེར་དྲང་སྲོང་འོངས་པ་དང་འདོམས་ནས་ཞུགས་ཏེ་མངལ་དུ་ཡིབས་སོ། །དེར་སུ་འོངས་དྲིས་པ་དང་སུ་ཡང་མ་འོངས་ཞེས་ཟེར་རོ། །དེར་དྲང་སྲོང་གི་མངོན་ཤེས་ཀྱིས་རིག་སྟེ་དམོད་མེས་བསྲེག་པར་བྱའོ་ཞེས་སྨྲས་པ་དང༌། བརྒྱ་བྱིན་འཇིགས་ནས་ཕྱིར་བྱུང་ངོ༌། །དེར་དྲང་སྲོང་ན་རེ། ཁྱོད་ལྷའི་དབང་པོ་ཡིན་པས། བསད་པར་མི་བྱའི་ལུས་ལ་མོ་མཚན་སྟོང་དུ་གྱུར་ཅིག ཅེས་བརྗོད་པས་དེ་ལྟར་དུ་སོང་བ་སླར་བཟོད་པར་གསོལ་བའི་མིག་སྟོང་དུ་བྱས་སོ) ཀོའུ་ཤི་ཀ་བརྒྱ་བྱིན་ནོ། །ཞེས་གསུངས་པ་ལྟར་རོ། །