10744

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལེགས་སྦྱར
Tibetan Definition སྐད་རིགས་ཆེན་པོ་བཞིའི་ནང་གསེས་ཏེ། སཾ་སྐྲ་ཏའི་སྐད་ཀྱི་མིང༌། སྒྲ་བཤད་ནི། འདི་སྐད་རིགས་གཞན་དག་ལྟར་འཇིག་རྟེན་ན་ངང་གིས་བྱུང་བའི་སྐད་རིགས་ཤིག་མ་ཡིན་པར་པཎྜི་ཏ་རྣམས་ཀྱིས་ཡུན་རིང་པོར་འབད་དེ་ཧ་ཅང་ཞིབ་ཚགས་ཀྱིས་ཆེད་དུ་གཉེར་ནས་ལེགས་པར་ཏེ་ཡང་དག་པར་སྦྱར་བའམ་བཟོས་པའི་སྐད་ཡིན་པས་དེ་སྐད་ཅེས་བྱའོ། །དེ་ཡང་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལེ་ཚན་༢༢ལས། རང་བཞིན་ངང་གིས་བྱུང་བའི་སྐད་ཅིག་ཡིན་ན་བྱིས་པ་ཚུན་ཆད་ཀྱིས་བདེ་བླག་ཏུ་སྨྲ་ནུས་པ་ཞིག་དགོས་རྒྱུ་ལ་འདིར་ཏསྱ་ཕོ་ཡིག་དང་ཏསྱཿམོ་ལས་བྱ་བར་འགྱུར་བས་འདྲ་འགྲིག་དེ་འདྲ་ལོ་དགུ་ལ་སྦྱངས་ནས་སྨྲ་ནུས་མོད། བྱིས་པ་ལ་ཨ་མས་སློབ་ནུས་པའི་སྐད་དུ་ཡེ་མི་འདུག རྒྱ་གར་པ་རྣམས་སྔོན་ཨརྱརྞ་གྱི་རིགས་གཙང་མར་ཡོད་ཚེ་ཡུལ་གང་པོའི་སྐད་ལེགས་སྦྱར་ཡིན་པ་བསྒོམ་མོད། ཚིག་ཕལ་ཆེར་ཞིག་གནའི་སྐད་ཡིན་དུ་ཆུག་ཀྱང༌། རྣམ་དབྱེ་རྐྱེན་དང་བཅས་པ་འདི་ལྟ་བུ་ཕལ་སྐད་དུ་བྱས་པའི་དུས་ནི་ངེས་པར་ཡོང་མི་སྲིད། དེས་ན་ལེགས་སྦྱར་ནི་ལེགས་སྦྱར་རང་ཡིན་པས། ཆེད་དུ་བཅོས་ཞིང་ལེགས་པར་སྦྱར་བའི་སྐད་ཡིན་ཞིང༌། ཞེས་སོགས་མང་དུ་གསུངས་སོ། །རྒྱས་པར་དེ་ཉིད་དུ་བལྟ་བར་བྱའོ། །