From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལོ་ཙཱ་བ་རྣམས་ལ་ཆོས་བསྒྱུར་ཚུལ་གྱི་བསླབ་བྱ
|
Tibetan Definition
|
ཆོས་བསྒྱུར་ཚུལ་གྱི་ལམ་སྟོན་བསླབ་བྱ་འདི་ཉིད་གཙོ་བོ་སོག་ཡུལ་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ལ་ལྕང་སྐྱ་རོལ་པའི་རྡོ་རྗེས་བསྩལ་བ་ཡིན་རུང༌། དེང་དུས་བོད་ཡིག་ཐོག་བཞུགས་པའི་བཀའ་བསྟན་རྣམས་དབྱིན་ཡིག་སོགས་སྐད་རིགས་གཞན་དང་གཞན་དུ་འགྱུར་བ་ཇེ་མང་དུ་འགྲོ་བཞིན་པའི་སྐབས། ཆོས་བསྒྱུར་བའི་ཚེ་ཐ་སྙད་འདོགས་ཚུལ་སོགས་སྔ་མོ་བོད་ཀྱི་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་བཀའ་ཁྲིམས་ཀྱིས་ཐག་གཅོད་མཛད་ནས་ཐམས་ཅད་ལ་གཅིག་གྱུར་གྱི་སྒྲིག་ལམ་ཞིག་བཟོས་ཡོད་པ་དེ་ལྟ་བུ་ཞིག་མེད་པའི་རྐྱེན་གྱིས། དེང་སང་གི་ལོ་ཙཱ་བ་ཚོས་སོ་སོའི་རང་འདོད་ཀྱིས་གཞི་གཅིག་ལ་ཐ་སྙད་མི་འདྲ་བ་སྣ་ཚོགས་ཤིག་སྦྱར་བའི་རྐྱེན་གྱིས་ཀློག་པ་པོ་རྣམས་མགོ་བོ་རྨོངས་ཤིང་གཞུང་དོན་ཚེགས་མེད་དུ་རྟོགས་མི་ཐུབ་པ་དང༌། ལྷག་པར་འདིས་འཁྲུལ་གཞི་བྱས་ཏེ་གཞུང་དོན་གྱི་གོ་བ་ལོག་སྒྲུབ་ཏུ་སོང་བ་སོགས་མཐོང་ཆོས་སུ་གྱུར་པས། སླན་ཆད་དེ་ལྟ་བུའི་ཉེས་སྐྱོན་མི་འབྱུང་བའི་སླད་དུ་ལྕང་སྐྱ་རིན་པོ་ཆེའི་ཆོས་བསྒྱུར་ཚུལ་གྱི་ལམ་སྟོན་བསླབ་བྱ་འདི་ཉིད་ལོ་ཙཱ་བ་དེ་དག་ལ་བལྟ་བའི་མིག་ལྟར་མཐོང་ནས་འདིར་འགོད་པའི་ངལ་བ་བྱས་སོ། །ཆོས་བསྒྱུར་བའི་སྔོན་འགྲོའི་ཚུལ་དུ་བོད་ཀྱི་ཐུན་མོང་མིན་པའི་སུམ་རྟགས་དག་གསུམ་དང་སྙན་ངག་བཅས་པར་ཐོས་བསམ་རྣལ་མ་ཞིག་དགོས་གལ་ཆེ་ཞིང༌། དེ་མེད་ན་བོད་ཀྱི་ཁ་དཔེར་བ་དེའི་ཉལ་སྟངས་ལ་བལྟས་ན་བེའུ་སྐེད་ཀྱོག་ཅིག་སྐྱེ་བར་འདུག་ཅེས་པའི་དཔེ་ལྟར་འགྱུར་ཉེན་ཡོད། རྒྱལ་བའི་གསུང་རབ་རིན་པོ་ཆེ་ནི་གྲོལ་བ་དོན་གཉེར་བ་རྣམས་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གསལ་བར་བྱེད་པའི་མིག་ཏུ་གྱུར་པ་ཤ་སྟག་ཡིན་པས། སྒྱུར་བྱེད་ལོ་ཙཱ་བ་རྣམས་ཀྱིས་ཀྱང་ཚུལ་འདི་ཉིད་འཇིག་རྟེན་དུ་ཡུན་རིང་དུ་གནས་ན་ཅི་རུང་སྙམ་པའི་བསམ་པས་ཐུབ་བསྟན་གཅེས་པར་འཛིན་པའི་བློ་ཡིད་ལ་བརྣགས་ཏེ། ཁེ་འདོད་དང་གྲགས་འདོད་དང་ཕྱོགས་སུ་ལྷུང་བའི་སེམས་སྤངས། གཟུ་བོའི་བློས་ཚིག་དང་དོན་གྱི་ཆ་ལ་ལེགས་པར་དཔྱད། རང་གིས་ཇི་ལྟ་བ་བཞིན་མ་ཤེས་པ་རྣམས་མཁས་པར་གྲགས་པ་མཆོག་དམན་སུ་ལ་ཡང་རུང་སྟེ་ལེགས་པར་དྲིས་ཤིང་ཐེ་ཚོམ་བཅད་ནས། ཚིག་གསལ་ཞིང་གོ་བདེ་བ་དོན་དང་མི་འགལ་བར་བྱས་ཏེ་ལེགས་པར་བསྒྱུར་ན། རང་གཞན་གྱི་རྒྱུད་ལ་ལེགས་ཚོགས་དུ་མ་སྤེལ་བར་ནུས་ཤིང༌། རྒྱལ་བའི་བསྟན་པ་ལ་བྱ་བ་བྱས་པར་འགྱུར་བས་བསོད་ནམས་ཀྱི་ཕུང་པོ་གཞལ་དུ་མེད་པ་འཐོབ་པར་འགྱུར་གྱི། གཞན་དུ་ན་རང་ཉིད་མཁས་པ་མིན་ཀྱང་མཁས་པར་རློམ་པས་དྲེགས། གཞན་མཁས་པར་གྱུར་ཀྱང་དེ་ལ་ཕྱོགས་སུ་ལྷུང་བའི་ཡིད་ཀྱིས་སྡང་བས་བློ་མིག་བསྒྲིབས། དམ་པའི་ཆོས་ལ་གལ་ཆུང་དུ་བཟུང་བས་ཉི་མ་འཕུལ་ཐབས་ཀྱི་སྦྱོར་བས་པོ་ཏི་ཇི་མང་མང་དུ་བསྒྱུར་བ་ལ་དགའ་བ་དག་གིས་ནི། སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་ལོག་བཤད་ཉེས་བཤད་ཀྱི་བཙོག་ཆུས་བསླད་པའི་འབྲས་བུ་རང་གཞན་ཀུན་ལ་འདི་ཕྱིར་བཟོད་པར་དཀའ་བའི་སྡུག་བསྔལ་འབྱུང་བ་ལ་ཅིར་ཡང་མི་སེམས་པར་ཟད་དོ། །དེ་ལྟར་ཕན་ཡོན་དང་ཉེས་དམིགས་ལེགས་པར་ངེས་པར་བྱས་ནས་བསྒྱུར་ཚུལ་དངོས་ལ༌། གཞུང་གི་ཚིག་རྣམས་བོད་སྐད་ཀྱི་གོ་རིམས་ཇི་ལྟ་བ་བཞིན་དུ་བསྒྱུར་ན་རང་སྐད་ལ་གོ་བདེ་ཞིང༌། དོན་འཁྲུགས་པར་མི་འགྱུར་བ་རྣམས་ནི་དེ་ཇི་ལྟ་བ་བཞིན་དུ་བསྒྱུར་བར་བྱ་ཞིང༌། དེ་ལྟ་མ་ཡིན་པར་ཚིག་གོང་འོག་བསྣོར་ཞིང་དཀྲུགས་ན་དོན་གོ་བ་གསལ་ཞིང་བརྗོད་བདེ་བ་རྣམས་ནི་ཚིགས་བཅད་ཡིན་ན་ཤོ་ལོ་ཀ་གཅིག་གི་ནང་དུ་གང་བདེ་བར་སྣོར་ཞིང་བསྒྱུར་བ་དང༌། ཚིག་ལྷུག་པ་རྣམས་ནི་ཚིག་གཅིག་གམ་གཉིས་སམ་གསུམ་སོགས་ཚིག་སྔ་ཕྱི་འཁྲུགས་པར་མི་འགྱུར་བ་གལ་ཆེ་ལ། དེ་ཡང་ཚིག་དེ་ཀའི་ནུས་པ་འདོན་ལུགས་ལ་ལེགས་པར་བརྟག་དགོས་སོ། །ཡང་འགའ་ཞིག་བོད་སྐད་ཇི་ལྟ་བ་བཞིན་བསྒྱུར་ན་རང་སྐད་ལ་ཚིག་ལྷག་ཧ་ཅང་མང་བས་དོན་གྱི་ཆ་བསྒྲིབས་པ་ལྟ་བུ་ཡང་མང་དུ་ཡོད་པས། དེ་ལ་ནི་དོན་ལ་མི་གནོད་པར་བྱས་ཏེ་ཚིག་ལྷག་རྣམས་དོར་བས་ཆོག་ལ། སྐབས་འགའ་ཞིག་ཏུ་ཚིག་ཟུར་ཅུང་ཟད་རེ་མ་བསྣན་ན་དོན་གྱི་ནུས་པ་མི་རྫོགས་པ་ལྟ་བུ་ཡང་ཡོད་པས། དེ་ལ་ནི་དོན་གསལ་བ་ལ་ཕན་ཞིང་ཚིག་རོར་མ་སོང་བའི་སྐད་ཟུར་བསྣན་ནས་བསྒྱུར་བར་བྱའོ། །མིང་གཅིག་དོན་དུ་མར་བསྙེག་ཏུ་རུང་བ་རྣམས་ནི་ལྟག་འོག་ལ་ལེགས་པར་བརྟགས་ཏེ། ཕྱོགས་གཅིག་ལ་ཐག་གཅོད་དུ་རུང་ན་གར་བསྙེགས་པ་དེར་བསྒྱུར་ལ། ཐག་གཅོད་དུ་མི་རུང་ཞིང་རང་སྐད་ལ་ཕྱོགས་གཉིས་ཀར་བསྙེག་པའི་སྐད་དོད་མ་རྙེད་ན་ནི་བོད་སྐད་སོར་གནས་སུ་གཞག་པར་བྱའོ། །ཡང་པཎ་གྲུབ་དང་རྒྱལ་བློན་ལ་སོགས་པའི་གང་ཟག་གི་མིང་དང་ཡུལ་དང་མེ་ཏོག་དང་རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་གོ་དཀའ་ཞིང་ཚིག་མི་བདེ་བ་དང༌། འོལ་སྤྱིར་བསྒྱུར་དུ་རུང་ཡང་དོན་དེ་ལྟར་ཡིན་མིན་གཏོལ་མེད་པ་རྣམས་ལ་ནི་མིང་གི་མགོ་མཇུག་ཇི་ལྟར་རིགས་པར་པཎྜི་ཏ་དང་རྒྱལ་པོ་དང༌། མེ་ཏོག་ཞེས་སོགས་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་བསྣན་ནས་རྒྱ་གར་སྐད་དམ་བོད་སྐད་སོར་བཞག་ཏུ་གཞག་པར་བྱའོ། །གཞུང་ཆེན་མོའི་འགྲེལ་པ་རྣམས་ལ་རང་རང་གི་རྩ་བའི་དཔེ་སྔར་བསྒྱུར་ཟིན་པ་ཡོད་ན་འགྲེལ་པའི་ནང་གི་རྩ་བའི་ཚིག་ཀྱང་དེ་དང་མཐུན་པར་བྱ་ལ། མེད་ན་སྔོན་དུ་རྩ་བའི་དཔེ་བསྒྱུར་ཞིང་དེ་ཡང་འགྲེལ་པ་ལ་བསྟུན་ནས་བསྒྱུར་བར་བྱའོ། །རྒོལ་ཕྱིར་རྒོལ་གྱི་རྩོད་པའི་ཚིག་རྣམས་ནི་ཕན་ཚུན་གཉིས་ཀའི་བསམ་པའི་གདེངས་དང་རྩོད་པ་འགྲོ་ལུགས་ལེགས་པར་བརྟགས་ཏེ་སྒྲུབ་ངག་དང་སུན་འབྱིན་པའི་ངག་རྣོ་ཞིང་གོ་བདེ་བའི་ཚིག་གིས་བསྒྱུར་དགོས་སོ། །གཞན་ཡང་བསྟོད་པའི་ཚིག་དང༌། སྨད་པའི་ཚིག་དང༌། སྐྱོ་བར་འགྱུར་བའི་ཚིག་དང༌། འཇིགས་པའི་ཚིག་ལྟ་བུ་རྣམས་ལ་ནི། རང་སྐད་དུ་ཀུན་ལ་གྲགས་པ་ནུས་པ་ཆེ་ཞིང་ཡིད་འཁུལ་ཐུབ་པ་སྐབས་སུ་བབས་པའི་ཚིག་གིས་བསྒྱུར་བར་བྱའོ། །གཞུང་གིས་དོན་ལེགས་པར་མ་ཤོད་པའམ་ལོག་པར་བཤད་པར་མངོན་པ་འགའ་ཞིག་འདུག་ནའང་གཞུང་རྩོམ་པ་པོས་ཇི་ལྟར་བརྩམས་པ་ལྟར་བསྒྱུར་བར་བྱ་ཡི། གཞུང་གཞན་གྱི་ལེགས་པར་བཤད་པ་ལས་བླངས་ཏེ་འཆོས་པར་མི་བྱ་སྟེ། གལ་ཏེ་དེ་ལྟར་བྱས་ན་སློབ་དཔོན་རྣམས་ཀྱི་ལུགས་སོ་སོ་བ་རྣམས་འཁྲུག་པར་འགྱུར་བའི་ཕྱིར་རོ། །གདམས་ངག་གི་གཞུང་རྣམས་སུ་ལྷ་དང་རྫས་དང་གྲངས་སོགས་ཀྱི་མིང་གབ་ཚིག་གཞན་གྱིས་བསྟན་པ་རྣམས་ནི་དེ་ཇི་ལྟ་བ་བཞིན་བསྒྱུར་བར་བྱ་ཡི། རང་མིང་རྗེན་པར་མི་བསྒྱུར་ཏེ། དེ་ལྟར་ན་གབ་པའི་དགོས་པ་མེད་པར་འགྱུར་བའི་ཕྱིར་རོ། །ཡང་སྙན་ངག་ཀྱི་སྐབས་སུ་མངོན་བརྗོད་ཀྱི་མིང་གིས་བསྟན་པ་བོང་བུ་ལ་མགྲིན་བཟང་ཞེས་པ་ལྟ་བུ་ཡང་མིང་དེ་ཉིད་ཀྱིས་བསྒྱུར་བར་བྱ་ཡི་རང་མིང་གིས་མི་བསྒྱུར་ཏེ། གཞན་དུ་ན་མི་མཛེས་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་རྩ་བའི་རྣམ་ཤེས་དང་ཀུན་གཞི་ཞེས་པ་གཉིས་དོན་བསྙེག་པའི་གཞི་ཕལ་ཆེར་གཅིག་ཡིན་ཀྱང་ཕལ་ཆེན་སྡེ་པ་དང་སེམས་ཙམ་པ་གཉིས་ཀྱིས་མིང་འདོགས་ལུགས་དང་བཤད་ཚུལ་ཅུང་ཟད་མི་འདྲ་བ་ལྟ་བུ་རྣམས་ཀྱང་རང་རང་གི་གཞུང་ལས་ཇི་ལྟར་འབྱུང་བ་ལྟར་བསྒྱུར་བར་བྱ་ཡི། དོན་གཅིག་པ་ལ་བསམས་ནས་ཐ་སྙད་ཕན་ཚུན་བསྲེ་བར་མི་བྱའོ།། ཡང་བདེན་པར་གྲུབ་པ་དང༌། རང་གི་མཚན་ཉིད་ཀྱིས་གྲུབ་པ་གཉིས་དབུ་མ་ཐལ་འགྱུར་བ་ལྟར་ན་དོན་གཅིག་པས་གཅིག་ཡོང་སར་གཅིག་ཤོས་སུ་བསྒྱུར་ཆོག་པའི་སྐབས་ཡོད་མོད་ཀྱང༌། དབུ་མ་རང་རྒྱུད་པ་ལྟར་ན་དེ་གཉིས་ཤིན་ཏུ་མི་འདྲ་བས་དོན་གཅིག་པར་བྱེད་མི་རུང་བ་ལྟ་བུ་ཡང་མང་བས། ལེགས་པར་དཔྱད་ནས་རང་རང་གི་ལུགས་ལྟར་བསྒྱུར་ཤེས་དགོས་སོ། །གཞན་ཡང་བདག་མེད་དང་བདེན་མེད་གཉིས་ཀྱང་དབུ་མ་པ་ལྟར་ན་འགངས་འདྲ་ན་ཡང༌། གྲུབ་མཐའ་འོག་མའི་སྐབས་སུ་ཆོས་ཐམས་ཅད་བདག་མེད་པར་ཁས་ལེན་ཀྱང་བདེན་མེད་དུ་ཁས་མི་ལེན་པ་སོགས་ཀྱི་ཁྱད་པར་འགངས་ཆེ་བ་རྣམས་ཀྱང་ཕྱེད་དགོས་ཏེ། གཞན་དུ་ན་ཕྱོགས་གཅིག་ལ་དོན་གཅིག་ཏུ་བཤད་པ་མཐོང་བས་སྐབས་ཐམས་ཅད་དུ་དོན་གཅིག་པར་བཟུང་ནས་མ་བརྟག་པར་ཐ་སྙད་ཕན་ཚུན་བསྲེས་ནས་གྲུབ་མཐའ་རྣམས་ཀྱི་མི་འདྲ་བའི་ཁྱད་པར་མཐའ་དག་འཆོལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང༌། གྲུབ་པ། བསྒྲུབས། འགྲུབ་པ། ཞེས་དང༌། བཅོམ། གཞོམ། འཇོམས་ཞེས་པ་ལྟ་བུ་འདས་པ་དང་ད་ལྟ་བ་དང་མ་འོངས་པའི་ཚིག་གི་ཁྱད་པར་རྣམས་དང༌། འདིས་རྙེད་པ་དང༌། འདི་རྙེད་པ་ལྟ་བུ་བྱེད་པ་དང༌། ལས་ཀྱི་སྒྲས་བསྟན་པའི་ཁྱད་པར་དང༌། སངས་རྒྱས་ཁོ་ན་ཡོན་ཏན་དང་ལྡན་ཞེས་དང༌། སངས་རྒྱས་ཡོན་ཏན་དང་ལྡན་པ་ཁོ་ན་ཞེས་པ་ལྟ་བུ་ཁོ་ན་ཞེས་པའི་སྒྲ་ཚིག་གི་གོང་འོག་ཏུ་འཇུག་པའི་ཁྱད་པར་གྱིས་གཞན་ལྡན་རྣམ་གཅོད་དང༌། མི་ལྡན་རྣམ་གཅོད་ཀྱི་ཚིག་ཏུ་འགྱུར་ཚུལ་དང༌། འཕྲལ་བ་ཞེས་པ་བརྡ་གསར་ལ་སོ་སོར་ཕྱེ་བའི་དོན་ལ་འཇུག་ནའང་བརྡ་རྙིང་ལ་དཔྲལ་བའི་སྐད་དོད་ཡིན་པ་ལྟ་བུ་སོགས་མང་དུ་ཡོད་པ་རྣམས་ལེགས་པར་ལྟག་འོག་ལ་བརྟགས་ནས་བསྒྱུར་དགོས་སོ། །གཞན་ཡང་རང་སྐད་ལ་ཚིག་བཅད་དང་ལྷུག་པ་ཁྱད་པར་དང༌། ཚིགས་བཅད་ཀྱང་རྐང་པ་རིང་ཐུང་སྙོམས་པ་སོགས་བོད་སྐད་ཇི་ལྟ་བ་བཞིན་མི་འབྱུང་ནའང་ཚིགས་སུ་བཅད་པ་རྣམས་ནི་སྙན་འཇེབས་དོན་རྫོགས་པ་གོ་སླ་བ་རྐང་པ་རིང་ཐུང་ཀྱང་ཕལ་ཆེར་སྙོམས་པ་བྱ་ཞིང་བསྟོད་པ་དང་གསོལ་འདེབས་ལྟ་བུ་འགའ་ཞིག་ལ་རང་སྐད་ལ་གྲགས་པའི་མགོ་མཚུངས་ཀྱི་རྒྱན་ལྟ་བུ་བྱས་ཀྱང་འགལ་བ་མེད་ལ། གཞུང་ཆེན་མོ་རྣམས་ལ་ནི་དེ་ལྟར་མི་བྱ་སྟེ། གཞན་དུ་ན་ཚིག་ལྷག་མང་དུ་འཇུག་པས་དོན་བསྒྲིབས་པར་འགྱུར་བས་སོ། །གཞན་ཡང་བརྡ་སྦྱོར་གྱི་གཞུང་འདི་དང་གཞན་དག་ཏུ་མི་འབྱུང་བའི་བརྡ་གསར་དུ་སྦྱོར་དགོས་པ་བྱུང་ན་རང་རང་གི་སར་འདོད་པས་རང་དགར་མི་འདོགས་པར་བསྒྱུར་བའི་གྲྭར་གཏུགས་ཏེ་གཞུང་དང་གཏན་ཚིགས་དང་མི་འགལ་བར་བསྒྱུར་བར་བྱའོ། །ཞེས་ལྕང་སྐྱ་རོལ་པའི་རྡོ་རྗེའི་གསུང་ལ་འཕྲི་སྣོན་ཅུང་ཟད་ཀྱིས་བཀོད་དོ། །
|