From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལོག་གཡེམ
|
Tibetan Definition
|
(འདུལ་བ) ཡན་ལག་མིན་པ་ཁ་དང་བཤང་ལམ་དང་། བགྲོད་བྱ་མིན་པ་མ་དང་སྲིང་མོ། གནས་མིན་པ་བླ་མ་དང་མཆོད་རྟེན་སོགས་ཀྱི་ཉེ་འཁོར། དུས་མིན་པ་སྦྲུམ་མ་སོགས་ཀྱི་དུས་སུ་འཁྲིག་པ་སྤྱད་པ་དང་། སྐྱེས་པས་སྐྱེས་པ་ལ་འཁྲིག་སྤྱོད་བྱེད་པ་སོགས་ལ་ལོག་གཡེམ་ཞེས་བྱའོ། །ལོག་གཡེམ་གྱི་གཙོ་བོ་ནི་གཞན་གྱི་ཆུང་མ་ལ་ལོག་པར་གཡེམ་པའོ། །སྔོན་རྒྱལ་པོའི་ཁབ་ཏུ་གཞན་གྱི་ཆུང་མ་ལ་ལོག་གཡེམ་བྱས་པའི་ནག་ཉེས་བྱུང་ཚེ། རྒྱལ་པོ་མ་སྐྱེས་དགྲས་སྲོག་ཐོག་གི་ཆད་པ་གཅོད་ཀྱི་ཡོད་པའི་སྐོར་ཚོམས་ཀྱི་འགྲེལ་པ་༼ ཏུ ༽༡༢༩ན༡ལས་གསུངས་སོ། །རྗེའི་ལམ་རིམ་ཆེན་མོ་ལས། ལོག་གཡེམ་གྱི་གཞི་ལ་བཞི་ལས་བགྲོད་བྱ་མིན་པ་ནི། མ་ལ་སོགས་པ་དང་མས་བསྲུངས་པ་སོགས་ཀྱི་བུད་མེད་དང་སྐྱེས་པ་ཐམས་ཅད་དང་མ་ནིང་དང་རབ་བྱུང་མའོ། །ཡན་ལག་མིན་པ་ནི་མངལ་སྒོ་མ་གཏོགས་པའི་ཁ་ལ་སོགས་པའོ། །གནས་མིན་པ་ནི་བླ་མ་ལྟ་བུ་རྣམས་ཀྱི་ཉེ་འཁོར་དང་མཆོད་རྟེན་གྱི་གནས་སོགས་སོ། །དུས་མིན་པ་ནི་སྦྲུམ་མ་དང་བསྙེན་གནས་ལ་གནས་པ་ལ་སོགས་པའོ། །བསམ་པ་ལ་གསུམ་ལས་འདུ་ཤེས་ནི། བསྡུ་བ་ལས་དེ་ལ་དེར་འདུ་ཤེས་པ་ཞེས་མ་འཁྲུལ་བ་དགོས་པར་གསུངས་ལ། འདུལ་བ་ལས་མི་ཚངས་སྤྱོད་ཀྱི་ཕམ་པ་ལ་འདུ་ཤེས་འཁྲུལ་མ་འཁྲུལ་འདྲ་བར་གསུངས་སོ། །མཛོད་འགྲེལ་ལས་རང་གི་ཡིན་པའི་འདུ་ཤེས་ཀྱིས་གཞན་གྱི་ཆུང་མའི་གན་དུ་སོང་ན་ལས་ལམ་དུ་མི་འགྱུར་བ་དང་། གཞན་ཞིག་གི་ཆུང་མ་ལ་དེ་ལས་གཞན་པའི་ཆུང་མར་འདུ་ཤེས་ནས་ཞུགས་པ་ལ་འགྱུར་བ་དང་མི་འགྱུར་བའི་ཚུལ་གཉིས་བཤད་དོ། །ཉོན་མོངས་ནི་དུག་གསུམ་གང་རུང་ངོ་། །ཀུན་སློང་ནི་མི་ཚངས་པར་སྤྱོད་པས་བགྲོད་པར་འདོད་པའོ། །སྦྱོར་པ་ནི་དེའི་དོན་ལ་རྩོལ་བའོ། །མཐར་ཐུག་ནི་གཉིས་ཀྱིས་གཉིས་སྤྲད་པའོ། །ཞེས་རྗེའི་ལམ་རིམ་དུ་གསུངས་པ་ལྟར་རོ། །སྒྲ་བཤད་ནི། ཡན་ལག་མིན་པ་ཁ་དང་བཤང་ལམ་སོགས་ནི་ལོག་པ་ཡིན་ལ། གཡེམ་པ་ནི་འདོད་པའི་བརྡ་རྙིང་ཡིན་པར་བཤད་པས། འདོད་པའམ་འཁྲིག་པ་སྤྱོད་པའོ། །མདོར་ན་རང་གི་ཆུང་མ་ཡིན་ཀྱང་ཁ་དང་བཤང་སོགས་ལ་འདོད་པ་སྤྱད་པས་ན་ལོག་གཡེམ་ཞེས་བྱའོ། །མདོ་སྡེ་དྲན་པ་ཉེར་གཞག་ལས་ཀྱང་ལོག་གཡེམ་ཞེས་པ་གོང་དུ་བཤད་པ་དེ་རང་ལ་ངོས་འཛིན་བྱས་ཏེ། མདོ་སྡེ་དྲན་པ་ཉེར་གཞག་༼ ཡ་པ ༽འདོད་པས་ལོག་པར་གཡེམ་པ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་སྤྱོད་པ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བས་མཐོང་སྟེ། འདི་ལ་འདོད་པས་ལོག་པར་གཡེམ་པ་ཀུན་ཏུ་སྤྱོད་པ་ན་རང་གི་ཆུང་མའམ་གཞན་གྱི་ཆུང་མ་དག་གི་སྐྱེ་གནས་མ་ཡིན་པར་འཇུག་པར་བྱེད། གཞན་བྱེད་པ་ལ་ཡང་རྗེས་སུ་ཡི་རང་བར་བྱེད། མི་བྱེད་པ་ཡང་ཐབས་ཀྱིས་བྱེད་དུ་འཇུག་པ་འདི་ནི་འདོད་པས་ལོག་པར་གཡེམ་པ་ཞེས་བྱའོ། །ཞེས་གསུངས་སོ། །ཡང་ཕོས་ཕོ་ལ་འཁྲིག་སྤྱོད་བྱེད་པ་ཡང་ལོག་གཡེམ་དུ་གསུངས་ཏེ། མདོ་སྡེ་དྲན་པ་ཉེར་གཞག་༼ ཡ་པ ༽༡༦༣ན༧ལས། སྐྱེས་པ་གང་ཞིག་སྐྱེས་པ་ལ་འཇུག་པར་བྱེད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བའི་སེམས་ཅན་དམྱལ་བ་ཉམ་ང་བ་མང་བར་སྐྱེ་བར་འགྱུར་རོ། །ཞེས་གསུངས་སོ། །ལོག་གཡེམ་གྱི་ཉེས་དམིགས་ཀྱི་སྐོར། མདོ་སྡེ་དྲན་པ་ཉེར་གཞག་༼ ཡ་པ ༽༡༦༨བ༦ན་གསལ་ལོ། །འདིའི་སྐོར་རྒྱས་པར་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་ཞེས་བྱ་བ་བསྟན་འགྱུར་༼ ངེ་པ ༽༣༠ན༥ན་གསུངས་སོ། །
|