10802

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོག་འཚོ་ལྔ
Tibetan Definition བཅོམ་ལྡན་འདས་ཀྱིས་གཙོ་བོ་རབ་ཏུ་བྱུང་བ་རྣམས་ལ་བཀག་པའི་འཚོ་བ་ལྔ་སྟེ། ༡ ཚུལ་འཆོས། ༢ ཁ་གསག ༣ གཞོགས་སློང་། ༤ ཐོབ་ཀྱིས་འཇལ་བ། ༥ རྙེད་པས་རྙེད་པ་འཚོལ་བ་སྟེ་ལྔའོ། །དབུ་མ་རིན་ཆེན་ཕྲེང་བ་ལས། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ།། ཁ་གསག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྔར་ནི་སྨྲ་བའོ། །གཞོགས་སློང་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པའོ། །ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པ། །རྙེད་པས་རྙེད་པ་རྣམས་འདོད་པ། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །༡ ཚུལ་འཆོས་ནི། ལོག་འཚོའི་ལྔའི་དང་པོ་སྟེ། རྙེད་བཀུར་གྱི་ཆེད་དུ་གཞན་གྱི་མིག་སྔར་སྤྱོད་ཚུལ་ལེགས་པར་འཆོས་པ་སྟེ་སྡོམ་པར་བྱེད་པའོ། །སྒྲ་བཤད་ནི། ཚུལ་ནི་ངང་ཚུལ་ལམ་སྤྱོད་ཚུལ་གྱི་དོན་དང་འཆོས་པ་ནི་བཅོས་པའི་དོན་ཡིན་པས་རྙེད་བཀུར་གྱི་ཕྱིར་སྤྱོད་ཚུལ་བཅོས་པའི་དོན་ནོ། །༢ ཁ་གསག་ནི། རྙེད་བཀུར་གྱི་དོན་དུ་གཞན་མགུ་བའི་ཚིག་སྨྲ་བའོ། །ཅུང་ཟད་ཞིབ་པར་བཤད་ན། རྙེད་བཀུར་གྱི་ཆེད་དུ་དངོས་ཡོད་དང་མི་མཐུན་པའི་ངོ་བསྟོད་ཀྱི་བརྫུན་ཚིག་སྨྲ་བའི་དོན་ནོ། །སྒྲ་བཤད་ནི། ཚིག་རྫུན་མ་ཞེས་པ་སྟེ་དེ་ཡང་ཁ་ནི་འདིར་ཚིག་གམ་སྐད་ཆའི་དོན་ཏེ། དཔེར་ན་མི་ཿཿསྐད་ཆཿཿམང་བ་ལ། མི་ཿཿཁཿཿམང་པོ་ཞེས་པ་ལྟ་བུ། གསག་དང་གསོག་དང་གསོབ་རྣམས་ནི་བརྫུན་ནམ་རྫུན་མའི་དོན་ཡིན་པར་སེམས་ཏེ། འདུལ་བ་ལུང་གཞི་ལས། གསོབ་གསོག་བརྫུན་དུ་སྨྲ་བ་ཞེས་འབྱུང་ཞིང་། དེས་ན་རྙེད་བཀུར་གྱི་དོན་དུ་བརྫུན་ནམ་བཅོས་མའི་སྐད་ཆ་སྙན་པོ་བཤད་པས་ན་དེ་སྐད་ཅེས་བྱའོ། །༣ གཞོགས་སློང་ནི། ལོག་འཚོ་ལྔའི་ཡ་གྱལ་ཞིག རྫས་དེ་འཐོབ་པར་བྱ་བའི་ཕྱིར་གཞན་གྱི་རྫས་ལ་བསྔགས་པ་བྱེད་པའོ། །སྒྲ་བཤད་ནི། གཞོགས་ནི་མི་གསལ་བའི་དོན་ཡིན་པས་མི་གསལ་བའམ་ཟུར་གྱིས་སློང་བས་ན་གཞོགས་སློང་ཞེས་བྱའོ། །༤ ལོག་འཚོ་ལྔའི་བཞི་པ་སྟེ། རྙེད་བཀུར་གྱི་བསམ་པས་སེར་སྣ་ཅན་ལ་སོགས་པ་ལ་དངོས་སུ་སྨོད་པའོ། །སྒྲ་བཤད་ནི། ཐབས་ཀྱིས་འགུགས་པ་ཞེས་པའི་དོན་ནོ། །དེ་ཡང་ཐོབ་ཀྱིས་ནི་འདིར་ཐབས་ཀྱིས་ཞེས་པའི་དོན་ཡིན་ལ། འཇལ་བ་ནི་འདིར་འགུགས་པའི་དོན་ནོ། །དེ་ཡང་དག་ཡིག་ལི་ཤིའི་གུར་ཁང་ལས། ཐོབ་ཀྱིས་འཇལ་བ་ནི་ཐབས་ཀྱིས་གཞན་ནོར་འགུགས་པ། ཞེས་གསུངས་སོ། །ཡང་ན། ཐོབ་ཀྱིས་ཞེས་པ་ནི་ཐོ༵བ་འདོད་ཀྱི༵ས་སམ་ཐོབ་ཏུ་རེ་ནས་ཞེས་པ་ཡིན་ལ། འཇལ་བ་ནི་(སྲང་ལ་འཇལ་ཞེས་པ་ལྟར་གཞན་གྱི་རྒྱུད་ཚོད་ལེན་ཞིང་བརྟག་དཔྱད་དམ)ཞུ་དག་གཏོང་བའམ་སྨོད་པའི་དོན་ནོ། །མདོར་ན་རང་ལ་རྙེད་པ་ཐོབ་ཏུ་རེ་ནས་གཞན་ལ་སྨོད་པའི་དོན་ནོ། །༥ རྙེད་པས་རྙེད་པ་འཚོལ་བ་ནི། ལོག་འཚོ་ལྔའི་ཐ་མ་སྟེ། བདག་ལ་རྒྱལ་པོ་སོགས་ཁ་ཅིག་གིས་ལྷུང་བཟེད་བྱིན་པ་མ་བླངས་སོ་འདི་ནི་བདག་ལ་རྒྱལ་པོ་ཆེ་གེ་མོ་ཞིག་གིས་བྱིན་པའོ་ཞེས་སྨྲ་ཞིང༌། འདི་ནི་སྦྱིན་པར་བྱ་བའི་ཡུལ་ཁྱད་འཕགས་པའོ་སྙམ་དུ་སེམས་ན་ཅི་མ་རུང་སྙམ་པས་སྨྲ་བའོ། །ཡང་ན། གཞན་ལས་རྙེད་པའི་རྙེད་པ་གང་ཡིན་པ་དེ་རྙེད་པ་གཞན་གྱི་དོན་དུ་སྦྱིན་པར་བྱེད་པའམ། ཟང་ཟིང་ལ་སོགས་པ་རྙེད་པའི་དོན་དུ་སྟོབས་པར་བྱེད་ཅིང༌། ཇི་ལྟར་ན་རྙེད་པ་རྙེད་པར་འགྱུར་ཞེས་རྙེད་པས་རྙེད་པ་བསྒྲུབ་པར་འདོད་པ་ཡིན་ནོ། །ཞེས་འདུལ་བ་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས་གསུངས་པ་ལྟར་རོ། །ཡང་ན། སྦྱིན་བདག་དང་མཛའ་བཤེས་སོགས་ལ་ཕར་རྔན་པའམ་ལག་རྟགས་ཆུང་ཆུང་ཞིག་སྤྲད་ནས་ཚུར་ཆེན་པོ་ཞིག་འཐོབ་ཏུ་རེ་བ་ལ་ཟེར་རོ། །ཞིབ་པ་ལོག་འཚོ་ལྔ་པོ་རང་རང་གི་ཐད་དུ་གཟིགས།