10825

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོངས་སྐུ
Tibetan Definition <སཾ་བྷོ་ག་ཀ་ཡ> 1 ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག ལོངས་སྐུའི་མཚན་ཉིད། ངེས་པ་ལྔ་ནི། གནས་ངེས་པ་འོག་མིན་ཁོ་ནར་བཞུགས་པ། འཁོར་ངེས་པ་བྱང་སེམས་འཕགས་པ་ཤ་སྟག་གིས་བསྐོར་བ། ཆོས་ངེས་པ་ཐེག་ཆེན་གྱི་ཆོས་འབའ་ཞིག་གསུང་བ། དུས་ངེས་པ་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་བཞུགས་པ་རྣམས་སོ། །ལོངས་སྐུ་ནི། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་འབྱུང༌། སཾ་བྷོ་ག་ཀ་ཡའི་ངེས་ཚིག་ནི། སཾ་ནི་ཡང་དག་པར་རམ་རྫོགས་པར་ཞེས་པའི་དོན་དང༌། བྷོ་ག་ནི། གླའམ་རྔན་པའམ་བྱ་དགའ་འམ། ཡོན་ཏན། རྙེད་པ་སོགས་དང༌། བདེ་བ་དང༌། གདེངས་ཀ། ལོངས་སྤྱོད་དང༌། སྐྱོང་བྱེད་སོགས་ལ་འཇུག་པར་བཤད་པ་ལས། འདིར་ལོངས་སྤྱོད་ལ་འཇུག ཀ་ཡ་ནི་སྐུའོ། །སྒྲ་བཤད་ནི། ཐེག་པ་ཆེན་པོའི་ཆོས་རྫོགས་པར་རམ་ཡང་དག་པར་ལོངས་སྤྱོད་པའི་སྐུ་ཡིན་པས་ན། ལོངས་སྐུའོ། །དེ་ཡང་རྫོགས་པར། ཆ་ཚང་བར། ཡང་དག་པར། ལེགས་པར། ཉེ་བར་ཞེས་པ་རྣམས་སྐབས་མང་པོར་དོན་འདྲ་བ་ཡིན། མངོན་རྟོགས་རྒྱན་ལས། ཐེག་ཆེན་ཉེ་བར་རྫོགས་པརལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པ་ལྟ་བུ། 2 སྒྱུ་ལུས། མ་དག་པའི་སྒྱུ་ལུས་ལ་ལོངས་སྐུའི་ཐ་སྙད་བྱེད་ཅིང་། དེ་ལ་ལམ་དུས་ཀྱི་ལོངས་སྐུ་ཡང་ཟེར་རོ། །3 དེ་བཞིན་གཤེགས་པའི་གསུང་། རྗེའི་སྔགས་རིམ་ཆེན་མོ་ལས། བུམ་དབང་གི་སྤྲུལ་སྐུ་དང་གསང་དབང་གིས་ལོངས་སྐུ་དང་ཤེས་རབ་ཡེ་ཤེས་ཀྱིས་ཆོས་སྐུ་སྒྲུབ་པར་གསུངས་པའི་ལོངས་སྐུ་ནི་སྒྱུ་ལུས་ལ་ཡང་བཤད་པས་ཆོག་མོད་ཀྱང་། རྗེའི་སྔགས་རིམ་ཆེན་མོ་ལས། ལོངས་སྐུ་ནི་སྒྱུ་ལུས་ལ་ཡང་བཤད་པས་ཆོག་མོད་ཀྱང་། སྔགས་སྤྱི་སྐད་ལ་དེ་བཞིན་གཤེགས་པའི་གསུང་ལ་བཤད་པ་མང་བས་རེ་ཤིག་དེ་ལྟར་བཤད་དོ། །ཞེས་གསུངས་སོ། །