From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ
|
Tibetan Definition
|
འཇིག་རྟེན་པའི་ལྷ་ཐམས་ཅད་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔའི་ཁོངས་སུ་འདུས་པས། དེ་གང་ཞེ་ན། རྒྱལ་པོ་ཆེན་པོ་བཞི། ཕྱོགས་སྐྱོང་བཅུ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་ཆེན་པོ་དགུ་སྟེ་བདུན་ཅུ་རྩ་ལྔའོ། །ཞིབ་ཏུ་ཕྱེ་ན། དང་པོ་༼ རྒྱལ་པོ་ཆེན་པོ་བཞི་ནི ༽ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་དྲི་ཟའི་ཚོགས་དང་བཅས་པ། ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ་གྲུལ་བུམ་གྱི་ཚོགས་དང་བཅས་པ། ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་ཀླུ་ཡི་ཚོགས་དང་བཅས་པ། བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས་གནོད་སྦྱིན་གྱི་ཚོགས་དང་བཅས་པ་ལ་རྒྱལ་པོ་ཆེན་པོ་སྡེ་བཞི། ༼ཕྱོགས་སྐྱོང་བཅུ་ནི༽ དབང་པོ། གཤིན་རྗེ། ཆུ་བདག གནོད་སྦྱིན། མེ་ལྷ། སྲིན་པོ། རླུང་ལྷ། འབྱུང་པོ། ཚངས་པ། ས་ཡི་ལྷ་མོ་བཅུ་ལ་ཕྱོགས་སྐྱོང་བཅུ་དང༌། ཉེ་དབང༌། ཚོགས་བདག ཉི་མ། ཟླ་བ། ཐགས་བཟང་རིས་ལྔ། བསྣན་ན་ཕྱོགས་སྐྱོང་བཅོ་ལྔའོ། །༼ལྷ་ཆེན་པོ་བརྒྱད་ནི༽ ཚངས་པ་སེར་པོ། དབང་པོ་དཀར་པོ། དབང་ཕྱུག་ཆེན་པོ་ནག་པོ། གཞོན་ནུ་གདོང་དྲུག །ལོག་འདྲེན་ཚོགས་བདག་གླང་སྣ། ལྷ་ཆེན་པོ་འདི་ལ་མིང་མི་འདྲ་བ། བྷིང་གི་རི་ཏིའམ། བི་ཏྲ་པ་ཏྲའམ། དགའ་རབ་དབང་ཕྱུག་དམར་པོ། ལེགས་ལྡན་ཡང་ཟེར་རོ། །༼ཀླུ་ཆེན་པོ་བརྒྱད་ནི༽ ཤར་དུ་ནོར་རྒྱས་དཀར་པོ་ཨུཏྤ་ལ་སྔོན་པོས་མཚན་པ། ལྷོར་པདྨ་དཀར་པོ་དབུ་ལ་ཐིག་ལེ་གསུམ་གྱིས་མཚན་པ། ནུབ་ཏུ་ཀགས་སྔོན་པོ་མགྲིན་པ་རི་མོ་གསུམ་གྱིས་མཚན་པ། བྱང་དུ་འཇོག་པོ་དམར་པོ་དཔལ་བེའུས་མཚན་པ། ཤར་ལྷོར་དུང་སྐྱོང་སེར་པོ་ཐིག་ལེས་མཚན་པ། ལྷོ་ནུབ་ཏུ་རིགས་ལྡན་དཀར་པོ་ཟླ་བ་ཕྱེད་པས་མཚན་པ། ནུབ་བྱང་དུ་མཐའ་ཡས་སྣ་ཚོགས་མདོག་སྟེ་རྨ་བྱའི་མགྲིན་པ་བཞིན་པདྨས་མཚན་པ། བྱང་ཤར་དུ་པདྨ་ཆེན་པོ་དཀར་པོ་རྩེ་གསུམ་གྱིས་མཚན་པའོ། །༼ གཟའ་ཆེན་པོ་བརྒྱད་ནི ༽ སྐུ་མདོག་ཕྱག་མཚན་སོགས་རྒྱུད་སྡེ་རྣམས་ལས་འདྲ་མིན་སྣ་ཚོགས་འབྱུང་ཡང༌། དཀར་ནག་གི་རྩིས་ལས་བྱུང་བ་བཞིན་སྤྱི་འགྲོ་ནི། གཟའ་དང་པོ་ཉི་མ་ནི། རྒྱལ་པོའི་བླ་གཟའ་རྒྱལ་རིགས་ཡིན། །ཞི་བ་དམར་སྐྱ་མེ་ཡི་ཁམས། །གཡས་པས་པདྨ་གཡོན་པས་མེ། །གཟའ་གཉིས་པ་ཟླ་བ་ནི། །བུད་མེད་བླ་གཟའ་རྗེའི་རིགས་ཡིན། །ཞི་བ་དཀར་སེར་ཆུ་ཡི་ཁམས། །ཕྱག་གཉིས་ཀུ་མུད་ཆུ་སྟེང་གནས། །གཟའ་གསུམ་པ་མིག་དམར་ནི། །དམག་དཔོན་བླ་གཟའ་རྒྱལ་རིགས་ཡིན། །དམར་ནག་དྲག་པོ་མེ་ཡི་ཁམས། །གཡས་པ་བེ་ཅོན་གཡོན་མེ་ཐབ། །གཟའ་བཞི་པ་ལྷག་པ་ནི། །རྒྱལ་བུའི་བླ་གཟའ་དམངས་རིགས་ཡིན། །ཞི་བ་སྔོ་ལྗང་ཆུ་ཡི་ཁམས། །གཡས་པ་ཆོས་འཆད་གཡོན་མདའ་གཞུ། །གཟའ་ལྔ་པ་ཕུར་བུ་ནི། །བཙུན་པའི་བླ་གཟའ་བྲམ་ཟེའི་རིགས། །ཞི་ཁྲོ་སེར་པོ་རླུང་གི་ཁམས། །གཡས་པ་རལ་གྲི་གཡོན་པདྨ། །གཟའ་དྲུག་པ་པ་སངས་ནི། །བུད་མེས་བླ་གཟའ་བྲམ་ཟེའི་རིགས། །ཞི་བ་ས་ཁམས་ཁྲོ་བོའམ་སྣ་ཚོགས་མདོག །གཡས་པ་དབྱུག་པ་གཡོན་མར་མེ། །གཟའ་བདུན་པ་སྤེན་པ་ནི། །བྱིས་པའི་བླ་གཟའ་གདོལ་པའི་རིགས། །དྲག་པོ་སེར་སྐྱ་ས་ཡི་ཁམས། གཡས་པ་བ་དན་གཡོན་ནོར་བུ། །གཟའ་བརྒྱད་པ་སྒྲ་གཅན་ནི། མགོ་དང་མཇུག་མ་སྔོ་ནག་ལུས་ནམ་མཁའ་ལྟར་དྭངས་པའོ། །༼རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ནི༽ རྒྱུ་སྐར་ལྷ་མོ་རྣམས་འདུག་པའི་ཕྱི་གཞལ་མེད་ཁང་གི་དབྱིབས་དང་གྲངས་ནི། སྨིན་དྲུག་སྐར་དྲུག སྤུ་གྲིའི་དབྱིབས། །སྣར་མ་སྐར་ལྔ་ཤིང་རྟའི་དབྱིབས། །མགོ་ནི་སྐར་གསུམ་རི་དྭགས་མགོ། །ལག་ནི་སྐར་གཅིག་ཐིག་ལེའི་དབྱིབས། །ནབས་སོ་སྐར་གཉིས་ཁྲི་རྐང་དབྱིབས། །རྒྱལ་ནི་སྐར་གསུམ་རིལ་བའི་དབྱིབས། །སྐག་ནི་སྐར་དྲུག་གདེང་ཀའི་དབྱིབས། །ཤར་སྐར་རྣམས་སོ། །མཆུ་ནི་སྐར་དྲུག་ཆུ་པོ་འདྲ། །བྲེ་ནི་སྐར་གཉིས་མི་རྐང་དབྱིབས། །དབོ་ནི་སྐར་གཉིས་ཁྲི་ཡི་དབྱིབས། །མེ་བཞི་སྐར་ལྔ་ལག་པའི་དབྱིབས། །ནག་པ་སྐར་གཅིག་ས་སྙིང་དབྱིབས། །ས་རི་སྐར་གཅིག་ནོར་བུའི་དབྱིབས། །ས་ག་སྐར་གཅིག་མགོ་ཡི་དབྱིབས། །བྱང་སྐར་རྣམས་སོ། །ལྷ་མཚམས་སྐར་བཞི་གླང་པོའི་དབྱིབས། །སྣྲོན་ནི་སྐར་གསུམ་ཐེམ་སྐས་དབྱིབས། །སྣྲུབས་ནི་སྐར་དགུ་སྡིག་པའི་དབྱིབས། །ཆུ་སྟོད་སྐར་བཞི་མཆོད་རྟེན་དབྱིབས། །ཆུ་སྨད་སྐར་བཞི་བྲེ་ཡི་དབྱིབས། །གྲོ་བཞིན་སྐར་གསུམ་བྲེ་ལྟ་བུ། །བྱི་བཞིན་སྐར་གསུམ་གླང་མགོའི་དབྱིབས། །ནུབ་སྐར་རྣམས་སོ། །མོན་གྲེ་སྐར་བཞི་བྱ་ལྟ་བུ། །མོན་གྲུ་སྐར་གཅིག་མི་རེང་འདྲ། །ཁྲུམས་སྟོད་སྐར་གཉིས་ཤིང་རྟའི་དབྱིབས། །ཁྲུམས་སྨད་སྐར་གཉིས་རྣ་བའི་དབྱིབས། །ནམ་གྲུ་སོ་གཉིས་གྲུ་ལྟ་བུ། །ཐ་སྐར་སྐར་གསུམ་རྟ་མགོའི་མགུལ། །བྲ་ཉེ་སྐར་གསུམ་མོ་མཚན་དབྱིབས། །ལྷོ་སྐར་རྣམས་སོ། །འདི་དག་ཕྱི་ཡི་ཁང་པ་ལྟ་བུའི་སྐར་མའི་གྲངས་དང༌། དབྱིབས་དེ་ལྟར་བརྗོད་ལ། ནང་གི་རྒྱུ་སྐར་ལྷ་མོ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་རྣམས་ནི། རྒྱུད་སྡེ་སོ་སོའི་ལུགས་དང༌། ནག་རྩིས་པའི་ལུགས་སོགས་ཅི་རིགས་འདུག་གོ། གཙང་རིས་མགོན་པོའི་སྡེ་ཚན་ཐ་མ་༼ འཇིགས་བྱེད་དགུ་ནི ༽ ཤར་དུ་དབང་ཕྱུག་འཇིགས་བྱེད། ཡང་ཤར་དུ་ཚངས་པ་འཇིགས་བྱེད། ལྷོར་བརྒྱ་བྱིན་འཇིགས་བྱེད། ནུབ་ཏུ་ཀུ་བཻ་ར་འཇིགས་བྱེད། བྱང་དུ་ཡེ་ཤེས་འཇིགས་བྱེད། ཤར་ལྷོར་ཁྱབ་འཇུག་འཇིགས་བྱེད། ལྷོ་ནུབ་ཏུ་སྲིན་པོ་འཇིགས་བྱེད། ནུབ་བྱང་དུ་ཀ་ལ་འཇིགས་བྱེད། བྱང་ཤར་ཚོགས་བདག་འཇིགས་བྱེད། རང་རང་གི་ཆུང་མ་དང་བཅས་པའོ། །ཀློང་རྡོལ་བླ་མའི་གསུང་ལ་གཞི་བྱས་ཏེ་བཀོད།
|