1092

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཙུག་ཏོར
Tibetan Definition <ཨུཥྞི་ཥ> 1 དབུ་སྐྲའི་ཚོགས་སྤྱི་བོར་ལེགས་པར་བཅིངས་ཤིང་དཀྲིས་པའི་རྣམ་པ་ལ་གཙུག་ཏོར་ཟེར། ལེགས་སྦྱར་དུ་ “ཨུཥྞི་ཥ” ཟེར། སྤྱིར་ཙཱུ་ཌཱ་ནི་གཙུག་གམ་སྤྱི་བོའི་སྐད་དོད་ཡིན་ལ། གཙུག་ཏོར་ཞེས་པ་ཙཱུ་ཌཱ་ཟུར་ཆག་པ་ཡིན་ནམ་སྙམ། དཀོན་བརྩེགས་༼ང༽པ་ལས། དེ་ཡི་གཙུག་ཏོར་རི་ཡི་རྩེ་ལ་གསེར་མཛེས་བཞིན། །དབུ་སྐྲ་འཇམ་ཞིང་མཛེས་ལ་གཡས་སུ་འཁྱིལ་བ་སྟེ། །ཞེས་གསུངས་སོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། གཙུག་ཏོར་ཞེས་བྱ་བ་ནི་སྐྲའི་ཚོགས་བཅིངས་པའི་གཙུག་ཏོར་རོ། །ཞེས་དང༌། ཡང་དེ་ཉིད་ལས། གཙུག་ཏོར་ནི་སྐྲ་བཅིངས་པ་སྟེ། སྤྱི་བོའི་སྟེང་དུ་གཙུག་ཏོར་གྱི་རྣམ་པ་ལྟ་བུར་བྱས་པའི་ཅོད་པན་ནམ། གཙུག་ཏོར་དེ་བླ་མ་ལ་ཉེ་བར་གཞོལ་བའི་དུས་སུ་དགྲོལ་བར་བྱ་བ་ཉིད་དོ། །ཞེས་གསུངས་སོ། །བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་ལས། གཙུག་ཏོར་ནི་དབུ་ལ་དཀྲིས་པའི་རྣམ་པ་ཅན་ནོ། །ཞེས་དང༌། རྣམ་བཤད་སྙིང་རྒྱན་ལས། དབུའི་གཙུག་ཏོར་ཟླུམ་ཞིང་ཀུན་ནས་མཉམ་པ་གཡས་སུ་འཁྱིལ་བ་དང་ལྡན་པ་ཉིད་དེ། ཞེས་གསུངས་པ་ལྟར་རོ། །དབུའི་གཙུག་ཏོར་སྒྲུབ་པའི་རྒྱུ་ནི། རྒྱ་ཆེར་རོལ་པའི་མདོ་ལས། ཡུན་རིང་པོ་ནས་ཕ་མ་དང༌། དགེ་སྦྱོང་དང༌། བྲམ་ཟེ་དང༌། བླ་མ་དང༌། སྦྱིན་གནས་ཀྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་བ་དང༌། རབ་ཏུ་བྱུང་བ་ལ་ཕྱག་འཚལ་བ་དང༌། གསོང་པོར་སྨྲ་བ་དང༌། དབུ་སྐྲ་སྦེད་པ་དང༌། སྟེང་དུ་སྤོས་ཀྱི་འབྲུ་མར་འཐོར་བ་དང༌། སློང་བ་ཐམས་ཅད་ལ་ཕྱེ་མ་དང༌། ཕྲེང་བ་བརྒྱུས་པ་དང༌། མགོ་རྒྱན་སྦྱིན་པའི་ཕྱིར་དབུ་གཙུག་ཏོར་དང་ལྡན་ཞིང་སྤྱི་གཙུག་བལྟར་མི་མཐོང་བ་ཞེས་བྱའོ། །ཞེས་གསུངས་སོ། །གཞན་ཡང་དེ་བཞིན་གཤེགས་པའི་གཙུག་ཏོར་དེ་ནི་བལྟར་མི་མངོན་པའམ་བལྟར་མི་མཐོང་བ་ཞེས་ཀྱང་བྱ་སྟེ། ལམ་རིམ་རྣམ་གྲོལ་ལག་བཅངས་ལས་འདི་ལྟར་གསལ་ཏེ། སངས་རྒྱས་ཀྱི་དབུའི་གཙུག་ཏོར་ཡང་རྒྱུན་དུ་ཡོངས་གྲགས་མཇལ་བའི་ཚེ་སོར་བཞི་ཙམ་དུ་ཡོད་ཀྱང༌། ཚད་གཞལ་བ་ན། བྱང་སེམས་ཤུགས་འཆང་ཞེས་པས་སྟེང་ཕྱོགས་ཀྱི་འཇིག་རྟེན་ཁམས་དཔག་ཏུ་མེད་པར་རྫུ་འཕྲུལ་གྱིས་སོང་སྟེ་བལྟས་ཀྱང་ད་དུང་དེ་བཞིན་གཤེགས་པའི་དབུའི་གཙུག་ཏོར་གྱི་རྩེ་མོ་བལྟར་མི་མངོན་པས་ངལ་ནས་ཚད་མ་རྟོགས་པར་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་གསུངས་པ་དང༌། ཞེས་གསུངས། 2 སྤྱི་གཙུག་གམ་མགོའི་སྐྲ་འཁྱིལ་ཡོད་ས་དེ་ལ་ཟེར། དཔེར་ན་གཙུག་ཏོར་གྱི་རྩ་ཞེས་པ་ལྟ་བུ། 3 བོད་རྒྱ་ཚིག་མཛོད་ཆེན་མོར། མགོའི་སྤྱི་བོར་རང་ཆས་སུ་སྐྱེས་པའི་ཤའི་གཙུག་ཏོར་རམ། སྐྲ་བཅིངས་པ་ལས་བྱུང་བའི་བཅོས་མའི་གཙུག་ཏོར། ཞེས་གསུངས། བསྟན་འགྱུར་༼ཉོ་པ༽༡༡༩ན༤ལས། དབུའི་གཙུག་ཏོར་ནི་དབུའི་དབུས་ན་ཤའི་ཐོར་ཚུགས་ཚངས་པའི་འཇིག་རྟེན་ནས་ཀྱང་བལྟས་མི་སྣང་བ་མངའོ། །ཞེས་གསུངས་ཀྱང་ལེགས་པར་མི་སྣང་ངོ་། །