10935

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟ་བ་མཐུན་པ
Tibetan Definition 3 (འདུལ་བ) འདུལ་གཞུང་རྣམས་སུ་མཚན་དང་ལྟ་བ་མཐུན་པ་ཞེས་འབྱུང་བའི་ལྟ་བ་མཐུན་པའི་དོན་ནི། བར་དུ་གཅོད་པའི་གཞི་ལ་བར་དུ་གཅོད་པའི་གཞིར་འདོད་པ་མཐུན་པ་ལ་ཟེར། ཡང་ན། ལྟུང་བ་བསྐྱེད་པའི་གཞི་ལ་ལྟུང་བ་བསྐྱེད་པའི་གཞིར་འདོད་པ་མཐུན་པ་ལ་ཟེར་རོ། །དཔེར་ན་མི་ཅིག་གིས་མིར་ཆགས་པའི་གནས་སྐབས་ཀྱི་མེར་མེར་པོ་བླུགས་ན་ཕམ་པ་རེད་ཟེར་ཞིང་། ཅིག་ཤོས་ཀྱིས་མ་རེད། དེ་ཉེས་བྱས་རེད་ཟེར་བ་ལྟ་བུ་ལྟ་བའམ་འདོད་པ་མི་མཐུན་པ་ཡིན་ལ། དེ་ལྟ་བུ་མིན་པར་འདོད་པ་མཐུན་པ་ཞིག་དགོས་ཞེས་པའོ། །ཕྱི་མ་འདི་འོད་ལྡན་གྱི་གསུང་ཚུལ་ཡིན་ལ། འདི་མཚོ་ཊཱིཀ་ལས་བཀག་ཀྱང་། ཁོ་བོ་ནི་འདི་རང་བློ་ལ་འབབ་ཆེའོ། །མཚོ་ཊཱིཀ་དགེ་སློང་མའི་རྣམ་འབྱེད་ཀྱི་ཐད་ལས། ཡུལ་དང་རྟེན་ལྟ་བ་མཐུན་པའོ། །འོ་ན་ལྟ་བ་མཐུན་པ་དེ་རང་གང་ཞེ་ན། འོད་ལྡན་མཁན་པོའི་བཞེད་པ་ནི། ལྟུང་བ་བསྐྱེད་པའི་གཞི་ལ་ལྟུང་བ་བསྐྱེད་པའི་གཞིར་འདོད་པ་མཐུན་པ་ནི་ལྟ་བ་མཐུན་པ་ཡིན་ནོ། །ཞེས་འོད་ལྡན་ལས་ཕམ་པའི་གཞི་དེ་ལ་ཕམ་པའི་གཞི་ཡིན་ནོ་ཞེས་དེ་ལྟར་བསམ་པ་མཐུན་པ་གང་ལ་ཡོད་པ་དེ་ནི་ལྟ་བ་མཐུན་པ་ཡིན་ནོ། །གང་དག་མེར་མེར་པོ་བླུགས་པར་བྱས་པ་ཕམ་པའི་གཞི་ལ་ཉེས་བྱས་ཀྱི་གཞིར་ལྟ་བ་ནི་ལྟ་བ་ཐ་དད་པ་ཡིན་ནོ་ཞེས་བཤད་དོ། །པཎྜི་ཏ་གཞན་གྱི་ལུགས་ལྟར་ན་ནི། བར་དུ་གཅོད་པའི་གཞི་ལ་བར་དུ་གཅོད་པའི་གཞིར་འདོད་པ་མཐུན་པ་ནི་ལྟ་བ་མཐུན་པ་ཡིན་ནོ། །ཞེས་འདོད་དེ། འོད་ལྡན་ལས་གཞན་དག་ན་རེ། གཞི་དེ་ལ་ཞེས་བྱ་བ་བསླབ་པའི་བར་དུ་གཅོད་པའི་གཞི་ལ་ལྟ་བ་མཐུན་པ་ཡིན་ནོ། །གང་ལ་ཡོད་པ་དེ་ནི་ལྟ་བ་མཐུན་པ་དེའི་ཕྱིར་འཆི་ལྟས་ལ་སོགས་པ་དག་ནི་ལྟ་བ་མཐུན་པ་མ་ཡིན་པར་རིག་པར་བྱ་སྟེ་ཞེས་འཆད་དོ་ཞེས་གཞན་གྱི་འདོད་པ་བཀོད་དེ་དགག་པ་མ་བྱས་སོ། །འོ་ན་ལུགས་དེ་གཉིས་གང་འཐད་ཅེ་ན། སྔ་མ་ནི་མི་རིགས་ཏེ། དེ་ལྟར་ན་ལྟ་བ་མཐུན་པ་མི་སྲིད་པར་ཐལ། ལྟུང་བ་བསྐྱེད་པའི་གཞིའི་ཡན་ལག་ནི་དཔག་ཏུ་མེད་ལ། གང་ཟག་གི་རྟོག་པ་ཐ་དད་ཀྱིས་གཞི་དཔག་མེད་དེ་རྣམས་ལ་འདོད་པ་མཐུན་པ་མི་སྲིད་པའི་ཕྱིར་རོ། །ལྟ་བ་མཐུན་པ་མི་སྲིད་པར་འདོད་ན་ཁས་བླངས་པ་དག་གིས་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་སོ་ཞེས་ལྟ་བ་མཐུན་པ་གསུངས་པ་དང་འགལ་ལོ། །འོ་ན་གང་ཞེ་ན། ལྟ་བ་མཐུན་པའི་དོན་ནི་ཕྱི་མ་ལྟར་ཡིན་ཏེ། བམ་པོ་ལྔ་བཅུ་པ་ལས། མི་རྟག་པ་དང་སྟོང་པ་དང་སྡུག་བསྔལ་བ་དང་བདག་མེད་པར་ལྟ་བའོ་ཞེས་བཤད་པ་དང་ཡང་ཕྱི་མ་མཐུན་ནོ། །ཞེས་གསུངས་སོ། །