10941

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟ་སྒོམ་སྤྱོད་གསུམ
Tibetan Definition 1 (དགེ་ལུགས) རྟག་ཆད་ཀྱི་མཐའ་གཉིས་སྤངས་པའི་ཤེས་རབ་ལ་ལྟ་བ། དེའི་དོན་ལ་རྩེ་གཅིག་ཏུ་འཇོག་པ་ལ་སྒོམ་པ། སྡོམ་པ་གསུམ་གྱི་ཀུན་སྤྱོད་གཙང་བ་ལ་སྤྱོད་པ་ཅེས་བྱ་སྟེ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས། དགེ་བའི་བཤེས་གཉེན་ཆེན་པོ་སྤོང་ཤོད་ནང་པར་གནང་བའི་གསུང་ཤོག་ལས། རྟག་ཆད་ལྟ་གཉིས་སྤངས་པ་ལྟ༵་བ་སྟེ། །དེ་ཡི་དོན་ལ་རྩེ་གཅིག་འཇོག་པ་སྒོ༵མ། །སྡོམ་གསུམ་ཀུན་སྤྱོད་གཙང་བ་སྤྱོ༵ད་པ་རུ། །ཤེས་པར་གྱིས་ལ་དེ་ལྟར་ཉམས་སུ་ལོངས། །ཞེས་གསུངས་པ་ལྟར་རོ། །རྒྱ་གར་དུ་འདི་ལ་བསླབ་པ་གསུམ་དང་། བོད་དུ་ལྟ་སྒོམ་སྤྱོད་གསུམ་གྱི་ཐ་སྙད་བྱེད་པར། གུང་ཐང་བསྟན་པའི་སྒྲོན་མེ་གསུང་ངོ་། །དེ་ཡང་ལྟ་བ་ཤེས་རབ་ཀྱི་བསླབ་པ། སྒོམ་པ་ཏིང་ངེ་འཛིན་གྱི་བསླབ་པ། སྤྱོད་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་འདྲ། རྗེ་གུང་ཐང་པས་ཀྱང༌། ལྟ་བ་རྣམ་དག་རྟག་ཆད་མཐའ་ལས་གྲོལ། །སྒོམ་པ་རྣམ་དག་བྱིང་རྨུགས་མུན་པ་སངས། །སྤྱོད་པ་རྣམ་དག་རྒྱལ་བའི་བཞིན་བསྒྲུབས། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་དང༌། ཡང་རྗེ་གུང་ཐང་པའི་སློབ་གཉེར་བསླབ་བྱ་ལས། དབུ་ཚད་ཟུང་དུ་འཇུག་པའི་ལྟ༵་བ་དང༌། །ཆོས་མངོན་མཛོད་དང་ཕ་རོལ་ཕྱིན་པའི་སྒོ༵མ། །བསྟན་པའི་ནང་མཛོད་འདུལ་བའི་སྤྱོ༵ད་པ་རྣམས། །མ་ཚང་བསླབ་གསུམ་ཡ་བྲལ་འགྱུར་བའི་ཕྱིར། །བཀའ་པོད་ལྔ་ལ་ཚང་བར་སྦྱོངས་ཤིག་ཨང༌། །ཞེས་གསུངས་པ་ལྟར་རོ། །དེ་ཡང་དབུ་ཚད་མཛོད་གསུམ་གྱིས་ལྟ་བའམ་ཤེས་རབ་ཀྱི་བསླབ་པ། ཕར་ཕྱིན་གྱིས་སྒོམ་པའམ་ཏིང་ངེ་འཛིན་གྱི་བསླབ་པ། འདུལ་བས་སྤྱོད་པའམ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་བསྟན་པ་བཅས་སོ། །ཡང་འདི་ལྟར། གནས་ལུགས་ཇི་བཞིན་ངེས་པ་ལྟ་བ། དེ་ཉིད་ལ་རྩེ་གཅིག་ཏུ་འཇོག་པ་སྒོམ་པ། སྡོམ་གསུམ་དང་མི་འགལ་བའི་སྒོ་གསུམ་གྱི་ཉམས་ལེན་ལ་སྤྱོད་པ་དང་གསུམ་ལ་ཟེར་ཏེ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རང་རྣམ་ལས། གཞི་འཁོར་འདས་ཆོས་རྣམས་ཇི་སྙེད་པ། །རང་བློ་ལ་སྣང་ཙམ་མ་གཏོགས་པ། །དོན་ལོགས་སུ་གྲུབ་པ་མ་མཆིས་པའི། །དབྱིངས་ཇི་བཞིན་ངེས་པ་ལྟ་བ་ཡིན། །སྔོན་ཐོག་མེད་དུས་ནས་རྗེས་འབྲེལ་བའི། །དགྲ་བདག་འཛིན་འགོང་པོ་སྲོག་བཅད་དེ། །ཆོས་ཀུན་གྱི་རང་བཞིན་སྟོང་ཉིད་ལ། །སེམས་རྩེ་གཅིག་འཇོག་པ་སྒོམ་པ་ཡིན། །ཐབས་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པའི། །རྗེས་སྒྱུ་མར་རྟོགས་པའི་རྣལ་འབྱོར་གྱིས། །དཔལ་སྡོམ་པ་གསུམ་དང་མི་འགལ་བ། །སྒོ་གསུམ་གྱི་ཉམས་ལེན་སྤྱོད་པའི་མཆོག །ཅེས་གསུངས།