From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལྟུང་བཤགས་ཀྱི་ལྷ་སོ་ལྔའི་སྐུ་མདོག་ཕྱག་མཚན་སོགས
|
Tibetan Definition
|
རྗེ་ཙོང་ཁ་པ་ཆེན་པོ་དང་བླ་མ་དབུ་མ་པ་རྣམ་གཉིས་སྒྲུབ་པ་ལ་བྱོན་ནས། འོལ་ཁའི་ཆོས་ལུང་དུ་ཕེབས། དགུན་དཔྱིད་རྣམས་དཔོན་སློབ་ཐམས་ཅད་ཀྱིས་གཙོ་བོར་བསག་སྦྱང་ལ་ཐུགས་དམ་གྱི་མཐིལ་དུ་མཛད་པའི་སྐབས་སུ། རྗེ་འདིས་ལྟུང་བཤགས་དང་བརྒྱ་ཕྱག་སྦྲགས་ནས་སྐུ་ཕྱག་མཛད་རེས་ཀྱིས་སངས་རྒྱས་སུམ་ཅུ་རྩ་ལྔའི་སྐུའི་སྣང་བ་དངོས་སུ་གཟིགས་པ་ནར་མར་བྱུང༌བའི་ལོ་རྒྱུས་མཁས་གྲུབ་ཆོས་རྗེས་མཛད་པའི་རྗེའི་གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ་ལས་གསུངས་སོ། །ལྟུང་བཤགས་ཀྱི་ལྷ་སུམ་ཅུ་སོ་ལྔ་ནི། ༡ སྟོན་པ་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ། ༢ དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོ་རབ་ཏུ་འཇོམས་པ། ༣ དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ། ༤ དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོ། ༥ དེ་བཞིན་གཤེགས་པ་དཔའ་བོའི་སྡེ། ༦ དེ་བཞིན་གཤེགས་པ་དཔལ་དགྱེས། ༧ དེ་བཞིན་གཤེགས་པ་རིན་ཆེན་མེ། ༨ དེ་བཞིན་གཤེགས་པ་རིན་ཆེན་ཟླ་འོད། ༩ དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད། ༡༠ དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ། ༡༡ དེ་བཞིན་གཤེགས་པ་དྲི་མ་མེད་པ། ༡༢ དེ་བཞིན་གཤེགས་པ་དཔལ་སྦྱིན། ༡༣ དེ་བཞིན་གཤེགས་པ་ཚངས་པ། ༡༤ དེ་བཞིན་གཤེགས་པ་ཚངས་པས་བྱིན། ༡༥ དེ་བཞིན་གཤེགས་པ་ཆུ་ལྷ། ༡༦ དེ་བཞིན་གཤེགས་པ་ཆུ་ལྷའི་ལྷ། ༡༧ དེ་བཞིན་གཤེགས་པ་དཔལ་བཟང་། ༡༨ དེ་བཞིན་གཤེགས་པ་ཙན་དན་དཔལ། ༡༩ དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས། ༢༠ དེ་བཞིན་གཤེགས་པ་འོད་དཔལ། ༢༡ དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ། ༢༢ དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུ། ༢༣ དེ་བཞིན་གཤེགས་པ་མེ་ཏོག་དཔལ། ༢༤ དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ། ༢༥ དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ། ༢༦ དེ་བཞིན་གཤེགས་པ་ནོར་དཔལ། ༢༧ དེ་བཞིན་གཤེགས་པ་དྲན་པའི་དཔལ། ༢༨ དེ་བཞིན་གཤེགས་པ་མཚན་དཔལ་ཤིན་ཏུ་ཡོངས་གྲངས། ༢༩ དེ་བཞིན་གཤེགས་པ་དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ། ༣༠ དེ་བཞིན་གཤེགས་པ་ཤིན་ཏུ་རྣམ་པར་གནོན་པའི་དཔལ། ༣༡ དེ་བཞིན་གཤེགས་པ་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ། ༣༢ དེ་བཞིན་གཤེགས་པ་རྣམ་པར་གནོན་པའི་གཤེགས་པའི་དཔལ། ༣༣ དེ་བཞིན་གཤེགས་པ་ཀུན་ནས་སྣང་བ་བཀོད་པའི་དཔལ། ༣༤ དེ་བཞིན་གཤེགས་པ་རིན་ཆེན་པདྨའི་རྣམ་པར་གནོན་པ། ༣༥ དེ་བཞིན་གཤེགས་པ་རི་དབང་གི་རྒྱལ་པོ་དང་སོ་ལྔའོ། །སངས་རྒྱས་སོ་ལྔའི་སྐུ་མདོག་ཕྱག་མཚན་སོགས་ཀྱི་ཁྱད་པར་གསལ་བར་འཁོད་པའི་ལུགས་གཞན་གྱི་ཡིག་ཆ་ཡོད་པར་མི་སྣང་ཡང་། རྗེ་ཐམས་ཅད་མཁྱེན་པ་ལ་སངས་རྒྱས་སོ་ལྔའི་ཞལ་གཟིགས་བྱུང་བ་ལྟར་ཞལ་བཀོད་མཛད་པའི་ཤིན་ཏུ་རྩ་ཆེའི་ཡིག་ཆ་ལྟར་འགོད་པ་ལ། མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་€རྗེའི་གསང་བའི་རྣམ་ཐར་རིན་པོ་ཆེ་སྙེ་མལས། ཡང་སངས་རྒྱས་སུམ་ཅུ་རྩ་ལྔའི་སྐུ་འདྲི་བར་ (འདིའི་འདྲི་བནི་འབྲི་བའི་ད་ལྟ་བའི་འབྲི་ཚུལ་གཞན་ཡིན་པས་ཡིག་ནོར་དུ་བསམ་པར་མི་བྱའོ) བརྩམས་པ་ལ། ལྷ་བཟོ་རྣམས་ཀྱིས་སྐུ་མདོག་ཕྱག་རྒྱ་སོགས་ཇི་ལྟར་འདྲི་བར་མ་ཤེས་ནས། རྗེའི་དྲུང་དུ་ཞུས་པས། དེའི་ཚེ་གསོལ་བ་བཏབ་པས་ཇི་ལྟར་འདྲི་བའི་གོ་རིམ་དང་མཐུན་པར་རྒྱལ་བ་སུམ་ཅུ་རྩ་ལྔའི་སྐུ་རིམ་བཞིན་གཟིགས་པའི་གཟིགས་སྣང་བཞིན་དུ་སྐུ་མདོག་སོགས་འདི་ལྟར་བྲིས་ཤིག ཅེས་ཞལ་ཏ་གནང་ནས་འབྲིར་བཅུག །དེར་མ་ཟད་ཞིང་བཀོད་གཞན་རྣམས་ལའང་རབ་གནས་ཀྱི་དུས་སུ་ཡེ་ཤེས་པ་དགུག་གཞུག་མཛད་པ་ན་ལྷ་དེ་དང་དེའི་རྣམ་པ་རེ་ཐིམ་སོང་བའི་སྣང་བ་མ་བྱུང་བ་མེད། ཅེས་གསུང་ངོ་། །དེའི་ཕྱིར་རྟེན་དེ་དག་ནི་རྒྱལ་བ་དངོས་དང་མཆོད་པའི་ཞིང་དུ་ཁྱད་པར་མེད་པར་ཤེས་པར་བྱོས་ཤིག ཅེས་གསུངས་པ་ལྟར། སངས་རྒྱས་སོ་ལྔ་སྐུ་མདོག་ཕྱག་མཚན་སོགས་ཀྱི་ཁྱད་པར་ནི། རྗེའི་གསུང་€སངས་རྒྱས་སོ་ལྔའི་མངོན་རྟོགས་དང༌ལྷ་སྐུའི་ཕྱག་ཚད་བཤད་པལས། ༄༅། །སངས་རྒྱས་སོ་ལྔའི་སྐུ་བྲི་བར་བརྩམ་པ་ན། ལྷ་བཟོས་སྐུ་མདོག་ཇི་ལྟར་འདྲི་བར་མ་ཤེས་ནས། རྗེ་ལ་ཞུས་ནས་གསོལ་བ་བཏབ་པས་ཇི་ལྟར་བྲི་བའི་གོ་རིམ་དང་མཐུན་པར་སྐུའི་སྣང་བ་དངོས་སུ་བསྟན་པ་ལྟར་འདིར་བཅུག་པས་ཕྱི་ནས་ཀྱང་གཟིགས་པ། མདོ་དང་མཐུན་པར་བཀོད་པའོ། །༡ ཤཱཀྱ་ཐུབ་པ་སེར་པོ། ཕྱག་གཡས་ས་གནོན། གཡོན་མཉམ་གཞག ༢ རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ་སེར་པོ། ཕྱག་གཉིས་ཆོས་འཆད། ༣ རིན་ཆེན་འོད་འཕྲོ་དམར་པོ་ཕྱག་གཉིས་མཉམ་གཞག ༤ ཀླུ་དབང་རྒྱལ་པོ་མགུལ་ཕྱིན་མཐིང་ག མགུལ་ཡན་དཀར་པོ། ན་བཟའ་གོས་འཁྱུད་པ། ཕྱག་གཉིས་ཐུགས་ཀར་རྡོ་རྗེ་ནང་བསྡམས་ཀྱིས་མཛུབ་མོ་གཉིས་བསྒེང་བའི་རྩེ་ཅུང་ཟད་མ་རེག་པའི་བར་དུ་མཐེ་བོང་གཤིབས་པ། ༥ དཔའ་བོའི་སྡེ་སེར་པོ། གཡས་སྐྱབས་སྦྱིན། གཡོན་ཐུགས་ཀར་ཐལ་མོ་ཅུང་ཟད་གཟུར་བ་ལས་མཐེ་བོང་དང་མཐིལ་ཕྱིར་བསྟན་པ། ༦ དཔལ་དགྱེས་སེར་པོ་ཕྱག་གཉིས་ཆོས་འཆད། ༧ རིན་ཆེན་མེ་དམར་པོ། ཕྱག་གཡས་ས་གནོན། གཡོན་མཉམ་གཞག ༨ རིན་ཆེན་ཟླ་འོད་དཀར་པོ། ཕྱག་གཡས་ས་གནོན། གཡོན་མཉམ་གཞག ༩ མཐོང་བ་དོན་ཡོད་ལྗང་གུ ཕྱག་གཡས་སྐྱབས་སྦྱིན། གཡོན་ཐུགས་ཀར་ཐལ་མོ་ཅུང་ཟད་གཟུར་བ་ལས་མཐེ་བོང་དང་མཐིལ་ཕྱིར་བསྟན་པ། ༡༠ རིན་ཆེན་ཟླ་བ་དཀར་པོ་ཆོས་འཆད། ༡༡ དྲི་མ་མེད་པ་མཐིང་ཁ་མཉམ་གཞག ༡༢ དཔལ་སྦྱིན་སེར་པོ་ཆོས་འཆད། ༡༣ ཚངས་པ་སེར་པོ། ཕྱག་གཡས་ས་གནོན། གཡོན་མཉམ་གཞག ༡༤ ཚངས་པས་བྱིན་དམར་པོ་ཆོས་འཆད། ༡༥ ཆུ་ལྷ་དཀར་པོ་མཉམ་གཞག ༡༦ ཆུ་ལྷའི་ལྷ་དཀར་པོ་ཆོས་འཆད། ༡༧ དཔལ་བཟང་སེར་པོ། གཡས་སྐྱབས་སྦྱིན། གཡོན་ཐུགས་ཀར་ཐལ་མོ་ཅུང་ཟད་གཟུར་བ་ལས་མཐེ་བོང་དང་མཐིལ་ཕྱིར་བསྟན་པ། ༡༩ ཙནྡན་དཔལ་དཀར་པོ་ཐུབ་པ་འདྲ། ༡༩ གཟི་བརྗིད་མཐའ་ཡས་དམར་པོ་ཆོས་འཆད། ༢༠ འོད་དཔལ་མཐིང་ཁ་ཆོས་འཆད། ༢༡ མྱ་ངན་མེད་པའི་དཔལ་དམར་སྐྱ་མཉམ་གཞག ༢༢ སྲེད་མེད་ཀྱི་བུ་སེར་པོ་ཆོས་འཆད། ༢༣ མེ་ཏོག་དཔལ་སེར་པོ། གཡས་སྐྱབས་སྦྱིན། གཡོན་ཐུགས་ཀར་ཐལ་མོ་ཅུང་ཟད་གཟུར་བ་ལས་མཐེ་བོང་དང་མཐིལ་ཕྱིར་བསྟན་པ། ༢༤ ཚངས་པའི་འོད་ཟེར་སེར་པོ། ཕྱག་གཡས་ས་གནོན། གཡོན་མཉམ་གཞག ༢༥ པདྨའི་འོད་ཟེར་དམར་པོ། ཕྱག་གཡས་ས་གནོན། གཡོན་མཉམ་གཞག ༢༦ ནོར་དཔལ་མཐིང་ཁ་མཉམ་གཞག ༢༧ དྲན་པའི་དཔལ་སེར་པོ་མཉམ་གཞག ༢༨ མཚན་དཔལ་ཤིན་ཏུ་ཡོངས་གྲགས་དཀར་པོ་གཡས་ཆོས་འཆད། གཡོན་མཉམ་གཞག ༢༩ དབང་པོའི་ཏོག་གི་རྒྱལ་མཚན་མཐིང་ཁ་གཡས་རྒྱལ་མཚན་ཕྲག་པ་གཡོན་ཕྱོགས་སུ་བསྒྲེང་བ། གཡོན་པ་མཉམ་གཞག ༣༠ ཤིན་ཏུ་རྣམ་པར་གནོན་པ་མཐིང་ཁ། གཡས་རལ་གྲི་ཐུགས་ཀར་འཛིན་པ། གཡོན་མཉམ་གཞག ༣༡ གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་མཐིང་ཁ། ཕྱག་གཉིས་གོ་ཁྲབ་སེར་པོ་འཛིན་པ། ༣༢ རྣམ་པར་གནོན་པས་གཤེགས་པ་མཐིང་ཁ། ཕྱག་གཉིས་ས་གནོན། ༣༣ ཀུན་ནས་སྣང་བ་བཀོད་པ་དམར་བ། ༣༤ རིན་ཆེན་པདྨས་རྣམ་པར་གནོན་པ་དམར་སེར། གཉིས་ཀ་གཡས་སྐྱབས་སྦྱིན། གཡོན་མཉམ་གཞག ༣༥ རི་དབང་གི་རྒྱལ་པོ་སེར་པོ་ཕྱག་གཉིས་མཉམ་གཞག་གི་སྟེང་ན་རེ་བོ་འཛིན་པའོ། །ཞེས་གསུངས་པ་ལྟར་རོ། །རྗེའི་གསུང་ལ་འཕྲི་སྣོན་ཅུང་ཟད་བགྱིས་ཏེ་བཀོད་པའོ། །
|